དོ་ནུབ་ཏེ་སྤྱི་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་དགོང་ཁྱུང་སེར་གདན་ས་དཔལ་གཤེན་བསྟན་བྱ་ཟེ་ཡོངས་རྫོང་མཐོང་སྨོན་དགའ་བ་ལྷ་རྩེ་རུ་བོན་གྱི་སྤྱི་མགོན་ཆེ་མོ་མཚན་བརྗོད་པར་དཀའ་བ་རྗེ་སྨན་རི་བ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་ཐིམ་ནས་དགུང་ཞག་ཞེ་དགུའི་དུས་ཚིགས་ལ་སྲུང་བརྩི་ཞུས་ཆེད་མགོན་པོ་གང་ཉིད་ཀྱི་བླ་སྒྲུབ་ཚོགས་འཁོར་ཟབ་རྒྱས་ངང་ཕུལ་བའི་གནས་ཚུལ་རགས་བསྡུས།

གཤེན་བསྟན་གྱི་མེ་རོ་སྤེལ་མཁན་ཀ་ཆེན་ཁྱེད་འགྱེལ་ནས།

ས་ཆེན་འདར་འདར་བྱས་པའི་དགུང་ཞག་ཞེ་དགུ་དོ་ནུབ་ཏུ་ཟིན་སོང་། ཁྱེད་ཀྱི་མཛད་ཕྲིན་རླབས་པོ་ཆེ་ལ་དགའ་མགུ་ཡིད་རང་ཞིང་།

ཁྱེད་ལ་དད་སེམས་དང་མོས་འདུན་གྱིས་འགེངས་པའི།

ཤུལ་ལུས་ཀྱི་ད་ཕྲུག་ཁྱུ་ཡིས། ཉིད་ཀྱི་མཛད་ཕྲིན་ཆུ་གཏེར་གྱི་གཏིང་ལྟར་ཟབ་པ་དེ་བློ་ངོས་སུ་འཆར་གྱིན། སྐྱོ་གདུང་དང་མིག་ཆུ་ལྷན་དུ་སྲེ་བཞིན། གང་ཉིད་ཀྱི་གསོལ་འདེབས་བློ་ངག་ཟུང་དུ་སྡེབ་སྟེ་ལད་ཟློས་གྱེར་བཞིན། ཁྱེད་ཀྱི་དགུང་ཞག་གི་ཞེ་དགུ་ལ་བརྩི་བ་ཞུས་ཆེད། དགེ་སྒྲུབ་སྡིག་སྤོང་བྱེད་བཞིན་ཡོད། ལྡོང་གཡུང་དྲུང་གིས་སོ།