ཕྱོགས་ལྷུང་གི་སེར་མོ་བ་འགར་སྤྲིངས་པ།

གོས་ཆེན་ན་བཟའ་སྐུ་ལ་མནབས །།

ཕྱག་ན་བྱང་ཆུབ་ཕྲེང་བ་འཛིན །།

ཞལ་ནས་གྲུབ་མཐའ་རིས་མེད་གསུང་།།

ཐུགས་ལ་གྲུབ་མཐའི་ཕྱོགས་ལྷུང་ཅན །།

ཡ་མ་ཟུང་བའི་ཆོས་པ་འགའ །།

ར་སེར་ཡུལ་ལ་དར་བ་འདི །།

དམངས་ལ་ཁེ་ཕན་ཡོད་རྒྱུ་ལས །།

ཕན་ཚུན་གཉིས་ཀ་དམྱལ་བའི་ཕྱོགས །།

ལམ་སྣ་དྲངས་པའི་མཚོན་དོན་ལས །།

གཞན་ལ་སུ་ཡིས་རྟོགས་མ་ནུས །།

རིས་མེད་ཚིག་གིས་རང་གཞན་ལ །།

ཕན་ཐོགས་ཡོང་བ་སུ་ཡིས་ཤེས །།

ཞལ་ནས་རིས་མེད་སྨྲ་བ་ལས །།

ཐུགས་ལ་རིས་མེད་ཡོད་ན་ལེགས །།

ཁ་ཡག་ངོ་དགས་སྐྱ་བོ་བསླུ །།

ཕན་ཚུན་བར་ལ་དཀྲུག་ཅེས་སློང་།།

མང་ཚོགས་ཁྲོད་དུ་ཡག་མདོག་དེས །།

ལེགས་འགོག་ཉེས་སྤེལ་བྱས་དང་འདྲ །།

ཟླ་གཅིག་ཡོད་ཀྱང་ཟླ་གཉིས་སྣང་།།

རང་ཉིད་འཁྲུལ་བའི་དན་རྟགས་ཡིན །།

མཐའ་གཏུགས་མེད་པའི་ལོག་ཤེས་ནི །།

རང་ཡུལ་བསླུ་བ་ཆོས་ཉིད་ཡིན །།

ལུག་རྫི་མཉམ་གཞག་མཛད་པའི་ཚེ།།

སྤྱང་ཀིས་ལུག་གུ་འཁྱེར་བ་ན །།

མཉམ་གཞག་སད་པའི་དུས་སྐབས་ལ །།

སྐད་སྒྲ་མི་སྒྲོག་ཅི་ཕྱིར་སྲིད །།

འདོད་པའི་ཞག་ཐག་མ་ཁྲོལ་ན །།

ལྷ་ཆོས་བྱས་ཀྱང་སྟོང་པ་རེད །།

སྐྱབས་གསུམ་རྣམ་བཞག་མ་ཤེས་ན །།

ངུར་སྨྲིག་གསོལ་ཡང་གད་མོའི་རྒྱུ །།

ཕྲན་གྱིས་སྙིང་གཏམ་བཤད་ཁུལ་གྱིས །།

ཁྱེད་ཚོ་འགའ་ལ་ཕོག་ཀྱང་སྲིད །།

གང་ལ་ཕོག་པའི་སྐྱེ་བོ་དེས །།

སྔོན་ནས་གོམས་པའི་གཤིས་ངན་དེར །།

མ་ཆགས་དོར་དགོས་ཕ་བཟང་བུ །།

བདག་ནི་ལས་ཉོན་ཤུགས་ཆེ་བས །།

རང་སྐྱོན་མི་མཐོང་གཞན་སྐྱོན་སྟོན །།

རང་སྐྱོན་རང་གིས་མཐོང་དཀའ་བས །།

རང་སྐྱོན་སྟོན་མཁན་གཞན་ཞིག་དགོས །།

རང་སྐྱོན་འགོག་པའི་འགོག་བདེན་མེད །།

རང་སྐྱོན་ཡོད་པ་སྲིད་པའི་ཕྱིར །།

རང་སྐྱོན་དེ་ལ་མཛུབ་སྟོན་ཞིག །

གཞན་གྱིས་གནང་ན་ཤིན་ཏུ་ལེགས །།

ཕན་ཚུན་དགྲ་རེ་མ་འཛིན་གྱིས །།

ནང་ཁུལ་ཁྲག་ལྟར་མ་དཀྲུག་གྱིས །།

ཞི་བའི་དམ་ཆོས་མ་འཇིག་གྱིས །།

ཡང་དག་རིས་མེད་ལམ་ལ་སོང་།།

ར་སེར་གྱི་གདུང་རྒྱུད་་་་་