ཧ་ཝར་ཌི་གཙུག་ལག་སློབ་ཆེན་དང་རྒྱལ་སྤྱིའི་ཀྲུང་མཐུན་བོད་གསོ་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་བོད་ཀྱི་གསོ་རིག་ཚོགས་འདུ་དེ་ཟླ་༡༠བའི་སྤྱི་ཚེས་དྲུག་ཉིན་ནས་བཟུང་བྱང་ཨ་རིའི་པོ་སི་ཊོན་གྲོང་ཁྱེར་དུ་ཡོད་པའི་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་གསོ་རིག་སློབ་གླིང་དུ་བསྡུས།

ཕྱོགས་སོ་སོ་ནས་ཕེབས་པའི་ཆེད་མཁས་པ་ཚོས་གཟབ་ནན་ངང་དཔྱད་རྩོམ་སྒྲོག་སྦྱང་ལ་ཉན་བཞིན་པ།

ཐེངས་འདིའི་དཔྱད་གླེང་ཚོགས་ཆེན་སྟེང་འཛམ་གླིང་ཡུལ་གྲུ་སོ་སོ་ནས་ཆེད་མཁས་པ་ཉིས་བརྒྱ་ལྷག་ཕེབས་པ་དང་། གཏམ་བཤད་པ་བཞི་བཅུ་ལྷག་གིས་བོད་ཀྱི་གསོ་རིག་གི་ལོ་རྒྱུས་དང་། གསོ་རིག་གཞུང་ལུགས། སྲོལ་རྒྱུན་དང་སྲོལ་རྒྱུན་མ་ཡིན་པའི་ནད་ཐོག་ལག་ལེན། གཞུང་ལུགས་སྤྱིའི་འགལ་འདུའི་སྐོར། སྨན་རྫས་རིག་པའི་ཞིབ་འཇུག་དང་དེའི་ཐབས་ལམ། ཀླད་པའི་འགུལ་བསྐྱོད་ལས་འཕྲོས་པའི་ཚན་རིག་ཞིབ་བསྡུར་སོགས་ལ་གཏིང་ཟབ་པའི་སྒོ་ནས་ཞིབ་འཇུག་དང་རིག་གཞུང་ལྟ་གྲུབ་ཀྱི་བསམ་བློ་བརྗེ་རེས་བྱས།

རྒྱལ་སྤྱིའི་མཉམ་འབྲེལ་ནི་བོད་ཀྱི་གསོ་རིག་གི་མདུན་བསྐྱོད་ཀྱི་ལམ་ཆེན་ཞིག་ཡིན།

ཆེད་མཁས་པས་གཏམ་བཤད་གནང་བཞིན་པ།

རྒྱུས་ལོན་པ་ལྟར་ན་ཐེངས་འདིར་བོད་ཀྱི་གསོ་རིག་ནི་གཞུང་ལུགས་དང་ལག་ལེན་འཐུས་ཚང་ཅན་གྱི་སྲོལ་རྒྱུན་གསོ་རིག་ཅིག་ཡིན་པས་ཆ་ནས་འཛམ་གླིང་ཤར་ནུབ་ཡར་མར་ནས་ཕེབས་པའི་མཁས་པ་ཚོས་ཉམས་ཞིབ་གཏིང་ཟབ་བྱེད་འདོད་ཡོད་འདུག་ལ་། མ་འོངས་པར་བོད་ཀྱི་གསོ་རིག་ལ་བརྟེན་ནས་ས་སྒང་རིལ་མོ་འདིའི་སྟེང་གི་སྐྱེ་བོ་རྣམས་མི་ན་བ་གནས་པར་བྱེད་པ་དང་། ན་བ་གསོ་བར་བྱེད་པ། སོས་པ་རྣམས་ཡུན་རིང་དུ་གནས་པར་ལག་རྗེས་འཇོག་ཐུབ་རྒྱུར་རེ་བ་ཆེན་པོའང་བཅངས་བཞིན་འདུག

ཆེད་མཁས་པས་གཏམ་བཤད་གནང་བཞིན་པ།

ལྷག་པར་ཏུ་དགའ་འོས་པ་ཞིག་ལ་ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་གཞོན་སྐྱེས་སློབ་མ་ཁ་ཤས་ཀྱང་ཐེངས་འདིའི་ཚོགས་འདུར་ཞུགས་པ་མ་ཟད་ཆེད་མཁས་པར་དྲི་བ་སོགས་ཀྱང་དྲིས་ཏེ་བོད་ཀྱི་གསོ་རིག་ལ་འདུན་པ་ཆེ་བའི་བསམ་པ་བསྟན།

ཧ་ཝར་ཌི་གཙུག་ལག་སློབ་ཆེན་གཙོས་བོད་ལྗོངས་གསོ་རིག་སློབ་ཆེན་དང་བོད་ལྗོངས་སྨན་རྩིས་ཁང་། པེ་ཅིན་བོད་སྨན་ཁང་། མཛོད་དགེ་བོད་སྨན་ཁང་། མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་གླིང་། མཚོ་སྔོན་འཇིགས་མེད་བོད་སྨན་ཁང་། མགོ་ལོག་དར་རྒྱས་གསོ་རིག་སྨན་རྩིས་སློབ་གྲྭ། ཅ་ཀྲིག་སློབ་ཆེན། སི་ཁྲོན་ལྷོ་ནུབ་མི་རིགས་སློབ་ཆེན་སོགས་སློབ་གྲྭ་ཁག་དང་སྨན་ཁང་བཅས་གཞུང་སྒེར་གྱི་ཚོགས་པ་མང་པོའི་ཆེད་མཁས་པ་དང་ཉམས་ཞིབ་པ་རྣམས་ཀྱིས་རིག་གཞུང་བཀའ་མོལ་དང་རིག་གཞུང་འབྲེལ་ལམ་བཙུགས་ཏེ་ཚོགས་འདུའི་དགོངས་དོན་ལེགས་པར་གྲུབ་པར་བྱས།

མཇུག་མཐར་ཚོགས་གཙོ་གསོ་རིག་མཁས་དབང་འཇིགས་མེད་ཕུན་ཚོགས་མཆོག་ནས་རེབ་འདིའི་ཚོགས་འདུའི་ནང་དོན་ལ་སྤྱི་བསྡོམས་བྱས་པར་མ་ཟད། ལོ་རྗེས་མའི་ལོ་ཚོགས་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་འཚོགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཏེ་ཚོགས་ཆེན་བདེ་བླག་ངང་མཇུག་བསྡུས་པ་རེད།

མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གི་སྨན་མིང་འཛིན་པ་དགེ་འདུན་ལེགས་ཚོགས་ནས་སྒྲིག་བཟོ་བགྱིས་ཏེ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས་ཀུན་གྱི་སྤྱན་ལམ་དུ་བསྟར་བ་ལགས་སོ།། ༢༠༡༧.༡༠.༩ལ།