དགེ་ཆོས་འདོད་གཏམ་ཕྱོགས་ནས།

巴琙扎西

དགེ་ཆོས་ཀྱི་འདོད་བསྟན་ལས་འཕྲོས་པའི་རོ་ཙའི་སྐོར་ལ་དཔྱད་པ།

འདོད་པ་མེད་ན་མི་ཡི་ཁམས་འདི་རུ།།

ལས་ཀུན་ཞུགས་པའི་སྤྲོ་དང་དད་པ་མེད།།

དོན་གཉིས་བསྒྲུབ་ཀྱང་དགེ་བའི་གཞི་རྩ་མེད།།

དེ་ཕྱིར་འདོད་པའི་ལྷ་ལ་དད་པས་འདུད།།

ཅེས་མཆོད་པར་བརྗོད་པ་ཡི་ཚིག་གིས་མདུན་ནས་བསུས་ཏེ་སྐབས་སུ་བབས་པ་ནི་གསོ་རིག་རྒྱུད་བཞི་དང་དགེ་ཆོས་ཀྱི་འདོད་པའི་བསྟན་བཅོས་གཉིས་ཀྱིས་ནང་དུ་བསྟན་པའི་རོ་ཙ་གསོ་བ་གམ་ལ་བཀོད་ནས་བསྡུར་བའི་ཚུལ་དུ་དཔྱད་པར་སྤྲོ་ལ།

ས་བཅད་དང་པོ།རོ་ཙའི་ངོ་བོ་དང་གསོ་བའི་དགོས་པ་གླེང་བ།

རོ་ཙ་ཞེས་པའི་ཐ་སྙད་ཀྱི་དོན་ལ་རྒྱུད་བཞི་ལས།1རོ་ཙ་ཞེས་པ་འདོད་པ་སྤྱོད་ནུས་ཤིང་།།རིགས་བརྒྱུད་བུ་ཚ་སྤེལ་བར་བྱེད་པ་སྟེ།།ཞེས་གསུངས་ཡོད་ལ།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས།2བུ་ཚའི་རྒྱུད་ནི་སྐྱེད་བྱེད་ཅིང་།།འཕྲལ་དུ་ཡང་དག་དགའ་བྱེད་གང་།།གང་གིས་རྟ་ལྟར་རབ་སྟོབས་ལྡན།།བུད་མེད་ལ་ནི་ཐོགས་མེད་འགྲོ།བུད་མེད་ལ་རབ་ཆགས་འགྱུར་བ།།གང་དང་གང་གིས་འཕེལ་འགྱུར་བ།།དེ་ནི་རོ་ཙ་བྱེད་པ་སྟེ།།ལུས་ཀྱི་སྟོབས་ཀྱང་སྐྱེད་པའི་མཆོག།ཅེས་གསུངས་པ་དག་ལ་གཞིགས་ན་རོ་ཙ་ཞེས་པ་ནི་གཙོ་བོ་སྐྱེས་བུ་གང་དང་གང་གིས་འདོད་པ་ཚུལ་བཞིན་དུ་སྤྱོད་མི་ཐུབ་ཅིང་རིགས་རྒྱུད་ཀྱི་བུ་ཚ་སྤེལ་མི་ནུས་པ་རྣམས་ལ་རོ་ཙ་བའི་ཆོ་ག་འདི་བསྟེན་དགོས་པ་ཡིན་ལ།རོ་ཙ་བའམ་འདོད་པ་སྤྱོད་པའི་འབྲས་བུ་ནི་ཁམས་ལ་རག་ལས་ཤིང་།ཁམས་ནི་ལུས་ཟུངས་ལ་བརྟེན་དགོས་པ་དང་།ལུས་ཟུངས་ནི་རོ་དྲུག་གི་མཚན་ཉིད་ཅན་གྱི་ཟས་སྨན་སོགས་ལ་རག་ལས་པས།འདིར་རོ་ཙ་གསོ་བ་ཞེས་པ་ཡང་ལུས་ཟུངས་ཀྱི་མཐར་ཐུག་པ་དྭངས་མའི་ཁམས་ཁུ་བ་ཟད་པ་སོགས་གསོ་བའི་ཕྱིར་དང་།འདོད་པའི་བདེ་བ་སྤྱོད་པ་དང་།ཕ་མེས་ཀྱི་རིགས་རྒྱུད་སྤེལ་བ་ལ་རོ་ཙ་གསོ་བ་ཞེས་བརྗོད་ནའང་མི་འཚམ་པ་མེད་པར་འདོད་དེ།སློབ་དཔོན་དཔའ་བོས།3ལུས་མི་ཟད་པ་བསྲུང་བའི་ཕྱིར།།རོ་ཙའི་ཆོ་ག་བརྗོད་པ་ཡིན།།ཞེས་གསུངས་པ་དང་།རྒྱུད་བཞིའི་མཇུག་དོན་ཡོངས་གཏད་ཀྱི་ལེའུར།4ནད་མེད་དོན་དུ་རྒྱུན་སྤྱོད་དུས་སྤྱོད་དང་།།བཅུད་ལེན་རོ་ཙ་བཞི་རུ་ཤེས་པར་གྱིས།།ཞེས་གསུངས་པ་སོགས་ལ་གཞིགས་ཚེ་རོ་ཙ་གསོ་བ་ནི་ཟུངས་གསོ་བ་དང་ཚེ་བསྲིང་བའི་ལས་གལ་ཆེན་ཞིིག་ཡིན་པའང་ཤེས་ཐུབ་པར་མ་ཟད་།གསོ་རིག་རྒྱུད་བཞི་ལས།5ཕོ་ཡིས་རོ་ཙ་སྤྱོད་པར་མ་ནུས་ན།།བུད་མེད་བརྒྱ་ཡིས་བསྐོར་ཡང་དོན་མི་འགྲུབ།།ཅེས་རོ་ཙ་གསོ་བ་ནི་མིའི་རིགས་ཀྱིས་རིགས་རྒྱུད་སྤེལ་པར་ཧ་ཅང་གལ་ཆེ་བའི་ལས་ཤིག་ཀྱང་ཡིན་པར་གསུངས་ཡོད།འདོད་བསྟན་ལས། 6གལ་ཏེ་འཁྲིག་པའི་འབྲེལ་བས་མ་བསྡུས་ན།།ཕོ་མོའི་རིགས་ནི་འདི་ལྟར་ཐ་དད་པས།།འཇིག་རྟེན་ཁམས་སུ་སྡེ་གཉིས་ཆད་གྱུར་ཏེ།།རྟག་ཏུ་གཡུལ་དང་རྒོད་ཀྱིས་གནས་པར་ངེས།།ཞེས་དང་།ཡང་དེ་ཉིད་ལས།7དལ་འབྱོར་བཅོ་བརྒྱད་ལྡན་པའི་ལུས་རྟེན་ཀྱང་།།ཐོག་མའི་རྟེན་འབྲེལ་དང་པོ་དེ་ནས་འགྲིག།འཁྲིག་པ་སྤངས་ན་མི་ཡི་འཇིག་རྟེན་ཁམས།།སྐད་ཅིག་ཙམ་ལ་ངེས་པར་སྟོང་འགྱུར་ཞིང་།།མི་ཡི་སེམས་ཅན་མེད་ན་དགེ་སློང་དང་།།སངས་རྒྱས་བསྟན་པ་དེ་ལས་ག་ལ་འོང་།།ཞེས་གསུངས་པ་བཞིན་གལ་ཏེ་རིགས་རྒྱུད་མི་ཉམས་པར་སྤེལ་བའི་ཐབས་འདི་མེད་ན་ནི་རྒྱུད་བཞི་ལས་གསུངས་པ་ལྟར་དོན་ཞེས་རང་གཞན་གཉིས་ཀྱི་དོན་བསྒྲུབ་པར་མི་ནུས་ལ།འདོད་བསྟན་དུ་གསུངས་ལྟར་སྡེ་གཉིས་ཏེ་གོས་དཀར་ལྕང་ལོའི་སྡེ་དང་རབ་བྱུང་ངུར་སྨིག་གི་སྡེ་གཉིས་ཀྱང་སྟོང་ཉེན་ཆེ་བས།རོ་ཙ་གསོ་བ་ནི་མིའི་རིགས་ཀྱི་རིགས་རྒྱུད་སྤེལ་བར་མེད་དུ་རུང་བའི་དོན་གལ་ཆེན་ཞིག་ཡིན་པ་ནི་གོང་གི་གཞུང་དང་བསྟན་བཅོས་དེ་དག་གི་བརྗོད་བྱའི་ཡང་སྙིང་ཡིན་པ་གདོན་མི་ཟ་བ་ཞིག་ཡིན་པར་བསམ།

ས་བཅད་གཉིས་པ།རོ་ཙ་བར་མི་རུང་བ།

འདོད་པ་སྤྱོད་པར་མི་རུང་བ་ལ་བསྟན་བཅོས་ཁག་ཏུ་མང་དུ་གསུངས་ཡོད་དེ།གནས་མ་ཡིན་པ་དང་དུས་མ་ཡིན་པ།ན་ཚོད་མ་ཡིན་པ།གྲངས་མ་ཡིན་པ།རྟེན་མ་ཡིན་པ་སོགས་བཀོད་ཡོད་ལ།རྒྱུད་བཞིའི་བྱ་བ་སྤྱོད་ལམ་གྱི་གནས་ལས།8 ཉལ་པོ་སྐྱེ་གནས་མི་མཐུན་བདག་པོ་ཅན།།མི་སྡུག་སྦྲུམ་མ་ཤུགས་ཞན་ཉེན་པ་དང་།།ཟླ་མཚན་ལྡན་དུས་བཀན་བྱེད་འཁྲིག་པ་སྤང་།།ཞེས་གོང་གི་དེ་དག་བསྡུས་པའི་དབང་དུ་བྱས་ནས་གསུངས་ཡོད་ཅིང་།འདོད་བསྟན་ལས།9བཙས་མ་ཐག་དང་སྦྲུམ་མ་མྱ་ངན་ཅན།།ནད་ཀྱིས་ཉེན་དང་སེམས་ལས་ཆེ་བ་དང་།།ཧ་ཅང་རྒན་དང་གཞོན་པའི་བུད་མེད་ལ།།འདོད་པའི་སྤྱོད་ཡུལ་ནམ་ཡང་རུང་མ་ཡིན།།ཞེས་འདོད་པ་སྤྱོད་ཡུལ་དེ་རིགས་གཅིག་ཡིན་པ་གང་ཞིག་དུས་མ་ཡིན་པ་དང་ན་ཚོད་མ་ཡིན་པ་གཙོ་བོར་བཟུང་ནས་འདོད་པ་སྤྱོད་མི་རུང་བ་འགའ་བསྟན་ཡོད་པར་མ་ཚད་དུས་མ་ཡིན་པ་ལའང།དེ་ཉིད་ལས།10དཀར་པོའི་ཚེས་བརྒྱད་དག་དང་བཅུ་བཞི་དང་།།དེ་བཞིན་ཉ་དང་གསར་ཚེས་གནམ་སྟོངས་སོགས།།སྦྱིན་དང་མཆོད་པ་བྱེད་པའི་དུས་ཡིན་ཞིང་།།ལྷ་རྣམས་ཀུན་གྱིས་སྨོད་པ་པས་ཉལ་པོ་སྤང་།།ཞེས་གསུངས་ཡོད་ལ།མདོར་ན་རྒྱུད་བཞི་དང་འདོད་བསྟན་དུ་བསྟན་པའི་འདོད་པ་སྤྱོད་མི་རུང་བ་དག་རྩ་བའི་ཆ་ནས་འདྲ་བོ་འདུག་ཀྱང་།ཕྱོགས་ཁ་ཤས་ཀྱི་ཐད་ནས་ཅུང་མི་འདྲ་བར་སྣང་ཡང་འགལ་བ་ཆེར་མེད་པར་གཉི་གས་མིའི་ལུས་དང་ཡུལ་སྲོལ་ལ་མི་གནོད་པ།མི་རྒྱུད་སྤེལ་བ་སོགས་ཀྱི་ལས་ལ་ཕན་པའི་ཆེད་དུ་གསུངས་པ་ཡིན་པར་སེམས།

ས་བཅད་གསུམ་པ།ཁུ་བ་བཀག་པའི་ཉེས་སྐྱོན།

ལས་གང་ཞིག་ཀྱང་བཙན་གྱིས་བཀག་པ་ནི་ཤིན་ཏུ་ནས་མི་རུང་བ་སྟེ།འདོད་པ་ནན་གྱིས་བཀག་པའང་དེ་ལས་མ་འདུས་པར།འདོད་བསྟན་ལས།11ཟས་ཞིམ་དྲན་ཚེ་ཁ་ལ་འགྲམ་ཆུ་ལྡང་།།ངོ་ཚ་འབར་ཚེ་ལུས་ནས་རྔུལ་ཆུ་འོང་།།འདོད་ཆགས་སྐྱེས་ཚེ་འདོམས་ནས་གཡའ་ཆུ་འཁོལ།།དགའ་དང་སྡུག་ཚེ་མིག་ནང་མིག་ཆུ་འོང་།།དེ་ཕྱིར་འདོད་ཆགས་དང་ནི་མྱ་ངན་སོགས།།དང་པོ་སེམས་ལ་སྐྱེ་བའི་མགོ་བཙུགས་ཚེ།།བཀག་ན་ཁེགས་ལ་སྐྱོན་མེད་ཤིན་ཏུ་བཟང་།།འོན་ཀྱང་ཤུགས་དྲག་སྟོབས་ཆེན་སྐྱེས་པའི་ཚེ།།བཙན་གྱིས་བཀག་ན་སྙིང་རླུང་སོགས་སུ་འགྲོ།ཞེས་མིའི་རྒྱུད་དུ་ལྷན་སྐྱེས་སུ་ཡོད་པའི་ངང་ཚུལ་དེ་དག་ཤུགས་ཀྱིས་བཀག་པ་ན་འདུ་བ་འཁྲུགས་ཏེ་ནད་དུ་འགྱུར་བར་གསུངས་འདུག་ཅིང།རྒྱུད་ལས།12ཁུ་བ་བཀག་པས་དེ་འཛག་ཕོ་མཚན་ན།།ཆུ་འགག་རྡེ་འུ་འཕེལ་དང་མ་ནིང་འགྱུར།།ཞེས་ཁུ་བ་ནན་གྱིས་བཀག་པས་ནད་སྣ་ཚོགས་འབྱུང་བར་གསུངས་བ་དེ་གཉིས་མཚུངས་བར་སྣང་ཡང་གསོ་རིག་རྒྱུད་བཞི་རུ་དེའི་གསོ་ཐབས་ཀྱང་མང་དུ་བསྟན་ཡོད་དེ།།དེ་ཉིད་ལས།13མས་བཏང་ལུས་བཅིང་བུད་མེད་སྤྱད་པར་བྱ།།ཏིལ་མར་འོ་མ་ཁྱིམ་བྱ་ཤ་ཆང་བཏང་།།ཞེས་གསུངས་ཡོད་པར་མ་ཟད་དུས་ཚིགས་བཞིའི་ནང་ལུས་སྟོབས་ཀྱི་འགྱུར་ལྡོག་ལྟར་རོ་ཙའི་བསྟེན་ཐེངས་ཀྱང་བསྟན་ཡོད་དེ།རྒྱུད་ལས།14དགུན་དུས་རོ་ཙས་དྲེགས་ཆེ་བཀག་པ་མེད།།སྟོན་དཔྱད་ཞག་གཉིས་དབྱར་སོས་ཟླ་ཕྱེད་སྤྱད།།གཞན་དུ་བུད་མེད་ལ་ཞུགས་དབང་པོ་ཉམས།།མགོ་འཁོར་དུས་མིན་འཆི་བར་བྱེད་པ་ཡིན།།ཞེས་དུས་བཞིའི་འབྱུང་བའི་ཁམས་ཀྱི་འགྱུར་བ་དང་སྤྲགས་ལུས་ཟུངས་ཀྱང་འཕེལ་ཟད་ཀྱི་འགྱུར་ལྡོག་བྱུང་གི་ཡོད་པས་རོ་ཙ་བསྟེན་ཐབས་ལའང་འགྱུར་ལྡོག་ཡོད་པར་གསུངས་ཡོད་པས་འདོད་བསྟན་ལས་རྒྱས་པར་སྣང་ངོ།།

ས་བཅད་བཞི་པ།རོ་ཙའི་གཙོ་བོ་དང་ཡན་ལག་གི་དབྱེ་བ།

གསོ་རིག་རྒྱུད་བཞིར་རོ་ཙའི་ངོ་བོ་དང་གཙོ་བོ་ཡན་ལག་གི་རྣམ་པའི་དབྱེ་བ།རོ་ཙའི་གནས།སྐྱེས་པའི་རོ་ཙ་གསོ་བ།བུད་མེད་བཙལ་བ་བཅས་ལྔ་སྟེ།རོ་ཙ་གསོ་བའི་ལེའུ་གཉིས་ཡོད་པ་དེ་ནང་དོན་ལྔའི་ཆ་ལ་དབྱེ་སྟེ་གསུངས་ཡོད་པ་མ་ཟད་གསོ་རིག་རྒྱུད་བཞིའི་བརྗོད་དོན་གཙོ་བོ་གྱུར་བའི་ཡན་ལག་བརྒྱད་ཀྱི་ཁུངས་སུ་བསྟན་ནས་གལ་ཆེ་བའི་ཚུལ་དུ་གསུངས་ཡོད།རོ་ཙའི་གཙོ་བོ་དང་ཡན་ལག་གི་དབྱེ་བའི་ཐད་གསོ་རིག་རྒྱུད་བཞི་དང་འདོད་བསྟན་གཉིས་ལ་ཅུང་མི་འདྲ་བར་འདུག་ཀྱང་དོན་དུ་འགལ་བ་མེད་དེ།

རྒྱུད་ལས།15སྐྱེས་པ་ཕོ་ནི་རོ་ཙའི་གཙོ་བོ་སྟེ།།སྐྱེས་པས་འདོད་པ་སྤྱོད་པར་མ་ནུས་ན།།བུད་མེད་བརྒྱ་ཡིས་བསྐོར་ཡང་དོན་མི་འགྲུབ།།སྐྱེས་པའི་ཁུ་བ་སྐྱོན་མེད་འཕེལ་གྱུར་ན།།བུད་མེད་བུ་ཚ་འཕེལ་བ་བཙལ་དུ་རུང་།།དེ་ཕྱིར་རོ་ཙའི་གཙོ་བོ་སྐྱེས་པ་ཡིན།།ཞེས་དང་།ཡང་དེ་ཉིད་ལས།16དེ་ཡི་ཡན་ལག་ཟ་མ་བུད་མེད་དེ།།ས་བོན་འཛིན་ཞིང་སྤེལ་བའི་གཞིར་འགྱུར་གྱི།།ཕ་ཡི་རབས་བརྒྱུད་བུ་མོས་མི་ཟིན་པས།།གཙོ་བོར་མི་འགྱུར་ཀུན་ལ་སྤྱད་བཏུབ་ཀྱང་།།ལས་དབང་བསོད་ནམས་དམན་ལ་བུ་མི་འབྱུང་།།ཞེས་སྐྱེས་པ་ནི་རོ་ཙའི་གཙོ་བོ་ཡིན་པ་བུད་མེད་རོ་ཙའི་ཡན་ལག་ཡིན་པ་དང་དེ་ལྟར་བཞག་དགོས་པའི་གནས་ལུགས་རྒྱུ་མཚན་བཅས་གསུངས་ཡོད་ལ།

འདོད་བསྟན་དུ།17རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་།།རྒྱལ་པོའི་རྒྱལ་སྲིད་སྤྲང་པོའི་འཚོ་ཐབས་སོགས།།མེད་དུ་མི་རུང་བ་ནི་བུད་མེད་ཡིན།།ཞེས་བུད་མེད་རོ་ཙའི་གཙོ་བོ་ཡིན་པར་མངོན་སུམ་དུ་གསུངས་མེད་ཀྱང་ཤུགས་ལས་བུད་མེད་རྣམས་ལས་ཅི་ཞིག་བྱེད་ཀྱང་མེད་དུ་མི་རུང་བ་ཡིན་པས་འདོད་བསྟན་དུ་བུད་མེད་གཙོ་བོ་བཞག་ཡོད་པ་རིགས་པས་དཔྱད་ན་ཤེས་པར་བསམ།ཡིན་ཡང་དཔལ་ལྡན་རྒྱུད་བཞིའི་ནང་རིགས་རྒྱུད་སྤེལ་བའི་གཙོ་བོ་ནི་སྐྱེས་པ་ཡིན་པར་གསུངས་པ་དང་འདོད་བསྟན་གྱིས་འདོད་པའི་གཙོ་བོ་བུད་མེད་ཡིན་པར་གསུངས་བས་འགལ་སྐྱོན་མེད་པར་བསམ་མོ།།

ས་བཅད་ལྔ་པ། རོ་ཙའི་གསོ་ཐབས།

རྒྱུད་ལས་གསོ་ཐབས་ཀྱི་སྐོར་ལ་སྤྱོད་ལམ་དང་སྨན་གྱི་སྦྱོར་བ་སོགས་མང་དུ་བསྟན་ཡོད་ཅིང་ཁྱད་པར་དུ་རོ་ཙའི་ལེའུ་གཉིས་པ་བུད་མེད་བཙལ་ཐབས་ཀྱི་ལེའུར་སྐྱེས་མའི་རིགས་ཀྱི་ལུས་ཁམས་གཙང་སེལ་སྙོམ་སྒྲིག་གི་སྨན་སྦྱོར་མོད་པོ་བསྟན་ཡོད་པ་དང་འདུ་བ་མ་སྙོམས་པས་བུ་ཚ་རིགས་རྒྱུད་སྤེལ་པར་གནོད་པའི་ཆ་དེ་དག་སེལ་བའི་ཐབས།བུ་བཙའ་བའི་རྗེས་བཅོས་སོགས་མ་ལག་དང་ལྡན་པར་བསྟན་ཡོད།སྨན་གྱི་གསོ་ཐབས་སྐོར་འདོད་བསྟན་དུ་དེ་འདྲའི་ཞིབ་ཅིང་རྒྱས་པར་གསུངས་མེད་ཀྱང་རགས་བསྡུས་ཙམ་བསྟན་ཡོད་དེ།18རི་རྩའི་བྲག་ལས་ལྷུང་བའི་རླབས་འཕྱོ་ཞིང་།།ད་བྱིད་ཤ་ཡི་རྒྱལ་པོའི་བཅུད་འཛིན་པ།།ཧི་མ་ལ་ཡི་གངས་ཀྱི་ཆུ་འཐུང་པའི།།བུད་མེད་ཁོངས་ན་མེ་ཡི་སྙིང་པོ་མཆིས།།འདི་དག་ཕལ་ཆེར་འདོད་པའི་མདོ་ལས་བཤད།།ཅེས་སྤྱིའི་སྒོ་ནས་ད་བྱིད་ཀྱི་ཤ་ནི་རོ་ཙ་གསོ་བར་ཧ་ཅང་ཕན་པར་བསྟན་ཡོད་ཀྱང་སྨན་གྱི་སྦྱོར་བ་སོགས་གསུངས་མེད་མོད།འོན་ཀྱང་སྤྱོད་ལམ་གྱི་ཐད་མང་དུ་གསུངས་ཡོད་ཅིང་འཁྲིག་ཐབས་སྣ་ཚོགས་དེས་ནད་གཞི་སྔོན་འགོག་དང་བུ་མི་འདོད་པར་བུ་འགོག་ཐུབ་པ།མངལ་ཆགས་པར་ཕན་པ་དང་ཕྲུ་གུ་བུ་བུ་མོ་གང་འབྱུང་བ་ལའང་ཤུགས་རྐྱེན་ཐེབས་ཐུབ་པ་སོགས་ཀྱི་འདོད་པ་སྤྱོད་ཐབས་མང་དུ་བསྟན་ཡོད།སྤྱོད་ལམ་དེ་རྒྱུད་ལས་གསུངས་བ་ལྟར།19སྤྱོད་ལམ་མིག་ལྟས་འོ་བྱེད་འཁྱུད་པ་དང་།།ཡིད་འོང་གཏམ་དང་འཛུམ་གྱིས་འགྲོགས་པར་བྱ།།ཞེས་གསུངས་པ་ནང་བཞིན་འདོད་བསྟན་དུ་སྤྱོད་ལམ་དེ་དག་ཕྲ་ཞིང་ཞིབ་པར་གསུངས་ཡོད་པར་མ་ཚད་དེང་རབས་རྒྱུད་འདེད་རིག་པའི་སྐོར་གྱི་ནང་དོན་ཡང་ཡོད་པར་འདོད་དེ།

འདོད་བསྟན་ལས།20མ་ཡི་གཤིས་ལུགས་ཁམས་དང་ལུས་སྟོབས་སོགས།།གང་ཡིན་ཐམས་ཅད་བུ་ཡི་རྒྱུད་ལ་འོང་།།དེ་བཞིན་ཕ་ཡི་གཤིས་ལུགས་ལུས་ཁམས་སོགས།།བུ་མོའི་རྒྱུད་ལ་ངེས་པར་འབྱུང་བ་ཡིན།།ཞེས་གསུངས་པ་འདི་ནི་དེང་རབས་རྒྱུད་འདེད་རིག་པའི་སྣོལ་མའི་རྒྱུད་འཛིན་༼交叉遗传 ༽ཞེས་པར་གྲགས་པའི་ནང་དོན་ཡིན་པས་འདོད་པའི་བསྟན་བཅོས་ནི་མི་ཚངས་སྤྱོད་པའི་བསྟན་བཅོས་ཤིག་མ་ཡིན་པར་རྩོམ་རིག་རིགས་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ཕྱོགས་བསྡུས་རང་བཞིན་གྱི་ཤེས་བྱ་མང་དུ་འདུས་ཡོད་པས་དེའི་ཐད་ཞིབ་འཇུག་གནང་རིན་ཡོད་པ།ལྷག་པར་གསོ་རིག་ཐད་ཀྱང་རིན་ཐང་གཞལ་དུ་མེད་པ་ཡོད་པས་དཔྱོད་ལྡན་དག་གིས་དེ་ལ་སློབ་སྦྱོང་དང་འཇུག་ཞིབ་བྱེད་པར་གལ་ཆེ་བར་སེམས་སོ།།

མཇུག་བསྡུ་བ།

དགེ་ཆོས་ཀྱིས་མཛད་པའི་འདོད་བསྟན་ནི་འཇིག་རྟེན་འཁྲིག་པ་སྤྱོད་ཐབས་ཀྱི་བསྟན་བཅོས་རྐྱང་རྐྱང་ཞིག་མ་ཡིན་པར།དེ་ལ་རྩོམ་རིག་དང་ཡུལ་སྲོལ།སྒྱུ་རྩལ།ཟློས་གར།སྙན་ངག་གསོ་རིག་སོགས་ཀྱི་ཐད་རིན་ཐང་ཡོད་ཅིང་།ལྷག་པར་གསོ་རིག་གི་རོ་ཙ་གསོ་བའི་ཐད་ཤེས་བྱ་རིན་ཐང་ཆེ་བ་མང་པོ་གསུངས་ཡོད་པར་མ་ཟད་མ་བུ་བདེ་སྲུང་རིག་པ་དང་འཕྲོད་བསྟེན་གཙང་གྲསྔོན་འགོག་ཐབས་ལམ།བུ་སྐྱེས་འདོད་མེད་པར་བུ་འགག་པའི་ཐབས།བུ་བཙའ་ཐབས།མངལ་སྲུང་ཐབས།བྱིས་པའི་དབང་ཐང་བརྟག་ཐབས།མངལ་བསྒྱུར་ཐབས་སོགས་གསོ་རིག་དང་འབྲེལ་བའི་ཤེས་བྱ་མང་དུ་ཡོད་པས།བསྟན་བཅོས་འདི་ཉིད་གསོ་རིག་གི་རིན་ཐང་གཞལ་དུ་མེད་པའི་ཡིག་ཆ་མཆོག་ཏུ་གྱུར་བ་ཞིག་ཡིན་པར་འདོད་དོ།།

སླར་སྨྲས་པ།

ཟླའི་གཟུགས་ཆུ་ཡི་ནང་དུ་ཤར་བ་དེ།།

དོན་གྱི་དངོས་པོ་མཁའ་ལ་ཡོད་ཕྱིར་ཡིན།།

ཀུན་གྱིས་དད་མོས་ཆེན་པོ་བྱེད་པ་དེ།།

དོན་གྱི་རིན་ཐང་དངོས་ལ་ཡོད་ཕྱིར་ཡིན།།

ནད་མེད་དོན་དུ་གསུངས་པའི་རོ་ཙ་བ།།

རྒྱུས་མེད་མི་ཡིས་གནོང་བའི་སར་མ་འཇོག།

རིགས་དང་རྒྱུད་པ་སྤེལ་བའི་བྱ་བ་དེ།།

དོན་རྣམས་ཀུན་གྱི་ནང་ནས་རྩ་བར་འོས།།