ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་གཙོ་དམ་པའི་དབུ་ཁྲིད་འོག སློབ་གྲྭའི་སློབ་སྟོན་སློབ་གཙོ་ཕྱག་རྡོར་སྐྱབས་དང་འཛིན་གྲྭ་སོ་སོའི་གཙོ་བདག སྐད་ཡིག་དགེ་རྒན་སོགས་དགེ་རྒན་བདུན་ཅུ་ལྷག་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་སློབ་སྦྱོང་དུ་ཆས།

སློབ་གཙོ་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་ཞུ་དོན། རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ནི་ད་ལྟ་བོད་ཁམས་ན་ཆེས་ལེགས་གྲུབ་དང་ཆེས་ཕུལ་དུ་བྱུང་བའི་སློབ་གླིང་ཞིག་ཡིན་ལ། དེ་ལས་ཀྱང་ང་ཚོས་ཆེས་སློབ་སྦྱོང་བྱ་འདོད་པ་ནི་ཁྱེད་ཅག་གི་ལྷག་བསམ་གྱི་འོད་ཟེར་དེ་དག་ཡིན། དེ་བས། ད་ཐེངས་ངེད་ཅག་ལེ་དབར་མང་པོའི་བགྲོད་པའི་དཀའ་བ་སྤྱད་ནས་སློབ་གླིང་འདིར་ཡོང་བ་ཡིན་ལ། འདིར་ཕེབས་ཀྱི་དགེ་རྒན་དག་ནི་འཛིན་བདག་དང་སྐད་ཡིག་དགེ་རྒན་ཏེ་སློབ་གྲྭའི་རྐང་འཛིན་དགེ་རྒན་དག་ཡིན་པས། གསུང་གསེར་ནག་གི་ཐིགས་པ་རེ་སྩོལ་རྒྱུའི་རེ་བ་ཆེ་ཆེར་ཞུས་པ་ཡིན་ཞེས་ཞུས་སོ།།

སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་ཚང་གི་སྤྱོད་འཇུག་ཆེན་མོའི་སློབ་ཁྲིད་ལ་ཉན་བཞིན་པ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་གི་འཆད་ཁྲིད་ལ་ཉན་བཞིན་པ།

རང་ལ་འཁང་ར་མི་བགྱི་གཞན་གྱི་དགེ་མཚན་སྤྱི་བོས་ལེན།

ཆ་རྐྱེན་སྡུག་པོའི་འོག་ན་ལྷག་བསམ་དྲོན་མོ་འོད་དུ་འཚེར།

ཐུན་མིན་སློབ་རྒྱུན་འདི་ཉིད་གནའ་དེང་མཁས་པའི་དཔལ་དུ་འཛུམ།

ཕྱི་ཡི་ཆ་རྐྱེན་ཞན་ཡང་ནང་གི་ལྷག་བསམ་དཀར།།

དབེན་པའི་རི་ལ་གནས་ཀྱང་སྙན་གྲགས་གླིང་ལ་ཁྱབ།།

ཁོར་ཡུག་འདམ་གྱིས་སྦགས་ཀྱང་ནང་སེམས་འོད་ཀྱིས་སྤྲས།

ལྟོ་སྐྱ་གོས་ཧྲུལ་བརྟེན་ཡང་ཕུགས་འདུན་རི་ལས་བརྟན།།

ཕྱི་ན་ལྕགས་རི་མེད་ཀྱང་ནང་གི་གཙུག་ལག་བརྟན།།

བཤེས་ཀྱི་སྡེ་ཚོ་ཆུང་ཡང་དཔའ་དང་སྤོབས་པ་མཉམ།།

ཡུལ་ལུང་སོ་སོས་བསྡུས་ཀྱང་ཐུགས་ཀྱི་རི་མོ་མཐུན།།

དུས་ངན་བར་ཆད་རྒོད་ཀྱང་མདུན་སྐྱོད་གོམ་ཁ་བརྟན།།

གནམ་ན་ཆར་ཆུ་དབེན་ཡང་རྩི་ཤིང་ལོ་མ་སྣུམ་སེ་སྣུམ།།

བར་ན་བསེར་བུ་རྒོད་ཀྱང་བྱེའུ་ཆུང་སྐད་སྙན་ལྷང་ངེ་ལྷང་།།

ས་ན་ལྗང་མདོག་སྐམ་ཡང་འབྲུ་དྲུག་སྙེ་མ་ལྡེམ་སེ་ལྡེམ།།

ཀུན་ལ་ལོངས་སྤྱོད་ཞན་ཡང་འབྲས་བུའི་འོ་མཚོ་ལྟེམས་སེ་ལྟེམས།།