༄།ཁོད་སྤུངས་གཡུང་དྲུང་དར་རྒྱས་དགོན་ནས་གདུང་མཆོད་ཞུ་བ།

雍仲扎西

ཁོད་སྤུངས་གཡུང་དྲུང་དར་རྒྱས་དགོན་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་པས་གདུང་མཆོག་ཞུ་བ།

༧ཞྭ་དཀར་གཡུང་དྲུང་བོན་གྱི་གཙུག་རྒྱན༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ༧ལུང་རྟོགས་བསྟན་པའི་ཉི་མ་མཆོག་ཐུགས་དམ་མི་གཡོ་བའི་ངང་ནས་གདན་ས་སྨན་རིའི་བླ་བྲང་དུ་དགོངས་པ་བོན་དབྱིངས་སུ་རྫོགས་ནས་ཡིད་སྐྱོ་བའི་གནས་ཚུལ་ཐོས་རྗེས་མདོ་དབུས་ཁམས་གསུམ་གྱི་བོན་འབངས་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་གདུང་མཆོད་ཞུ་བའི་དགེ་སྒྲུབ་ཀྱི་བྱ་བཞག་མང་ཙམ་སྤེལ་འདུག ངེད་ཁོད་སྤུངས་གཡུང་དྲུང་དར་རྒྱས་དགོན་དུ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་ནས་ཉིན་བདུན་གྱི་ཉིན་མོར་རང་དགོན་གྱི་བླ་མ་༧དབང་རྒྱལ་ཚེ་རིང་གིས་དབུ་ཁྲིད་པའི་འོག་གྲྭ་མང་འདུས་སྤྱི་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་དང་ཨ་སྙན་རྫོགས་གསུམ་གྱི་གསོལ་འདེབས།བླ་མའི་མཆོད་པ་སོགས་ཟབ་རྒྱས་ཚུལ་དུ་འཚོགས་པ་དང་། རིན་པོ་ཆེ་ཉིད་ཀྱི་སྐུ་པར་མཐོང་བ་རང་གྲོལ་གདན་དྲངས་དེ་དེའི་མདུན་དུ་རྣམ་ལྔའི་མཆོད་པ་རྒྱས་པར་བཤམས་པ་དང་བཅས་མཆོད་སྤྲིན་རྒྱ་ཆེར་བསགས་པ་དང་། དད་ལྡན་མང་ཚོགས་རྣམས་དགོན་པའི་གླིང་ལ་སྐོར་བ་དང་སྙིང་པོ་རྣམ་གསུམ་བསག་སྦྱོང་སོགས་དགེ་སྒྲུབ་ཀྱི་ལས་ལ་འབད་པ། ཉིན་དེའི་མཚན་མོར་སེར་སྐྱ་ཕོ་མོ་ཟུང་གིས་ཞུགས་མར་ཁྲི་མཆོད་སོགས་མཆོད་པའི་སྤྲིན་ཚོགས་རྒྱ་ཆེར་ཕུལ་བ་ལགས།

དཀར་པོའི་ལས་གང་འབད་པ་དེ་དག་ལས་བྱུང་བའི་དགེ་རྩས་གོང་ས་སྨན་རིའི་ཁྲི་འཛིན་མཆོག་གི་ཐུགས་ཀྱི་དགོངས་པ་ཐམས་ཅད་གང་དགོངས་པ་ལྟར་འགྲུབ་པ་དང་གཡུང་དྲུང་བོན་གྱི་བཤད་སྒྲུབ་བསྟན་པའི་འཁོར་ལོ་ནུབ་མེད་སྲིད་མཐའི་བར་དུ་གནས་པའི་རྒྱུར་གྱུར་ཅིག

རྣམ་ལྔའི་མཆོད་པ་འབུལ་བཞིན་པ།

སྤྲུལ་སྐུ་དབང་རྒྱལ་ཚེ་རིང་གིས་མང་ཚོགས་ལ་ཁྲི་འཛིན་མཆོག་གི་རྣམ་ཐར་མདོར་བསྡུས་ཀྱི་ཚུལ་དུ་གསུངས་བཞིན་པ།

མཆོད་མེ་རྒྱ་ཆེར་འབུལ་བཞིན་པ།