<h3>མུན་པས་ཡོངས་སུ་གཏམས་པའི་སྨག་རུམ་དུ།ཟླ་བའི་འོད་སྣང་ནི་ཅི་འདྲའི་ཡིད་ཁར་འོང་བ་ཞིག་རེད་ཨང་། ངས་ཟླ་འོད་ཀློང་དུ་སྙན་ངག་དམ་དུམ་རེ་ཀློག་གིན་འོད་མེད་པའི་སྐར་ཚོགས་ལ་མིག་ཟུང་ཅེར་བ་ཡིན། མཚན་དུས་ཀྱི་སྐར་མ་ནི་ལྷེམ་ལྷེམ་འདར་ཞིང་གཡོ་བ་དང་། སྐབས་རེ་གསལ་ལ་ལན་རེ་མི་སྣང་བའི་བརྟུལ་ཞུགས་འཛིན་དུས་རང་སེམས་སྐྱོ་བའི་སྣོན་མ་ལས་ཅི་ཞིག་ཡོད། ཟླ་བའི་འོད་སྣང་ཁྲོད་ངས་ལྗོན་ཤིང་གི་ཡལ་གར་འཐམ་ཞིང་སྙན་ངག་སྐྱོར་དུས།ཁེར་རྐྱང་དུ་བཞུད་ཟིན་པའི་ཚངས་དབྱངས་རྒྱ་མཚོ་ཡང་ཡང་ཡིད་ངོར་འཁོར། ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་གིས་ཁྱོད་ཨར་ལ་གཏད་དུས་སུས་ཀྱང་རྟོགས་དཀའ་བའི་མགུར་གླུ་སྙན་མོ་འཐེན་ཞིང་ཁེར་རྐྱང་དུ་བཞུད་ཚུལ་དེ་དྲན་འོང་། ཁྱོད་འཕགས་བོད་ཀྱི་གནས་རི་ཁག་ཞབས་ཀྱིས་བཅགས་ཤིང་འགྲོ་བ་ཀུན་ཐར་པའི་ལམ་དུ་བཀོད་དུས་ཁྱོད་ནི་ཅི་འདྲའི་མ་དྲེས་པའི་མཛའ་བཤེས་ཆེན་པོ་རེད་ཨང་། ང་ཡང་ད་ལྟ་རྐྱེན་སྣ་ཚོགས་འོག་ཁེར་རྐྱང་དུ་འདི་ལྟར་རྒྱུ་དུས། ངའི་འདུ་ཤེས་ཀློང་དུ་སྐྱོ་གར་སྣ་ཚོགས་འཐིབས་པ་འདི་སུ་ཞིག་གིས་རྟོགས་སྲིད། ཟླ་བའི་འོད་སྣང་འདི་ང་ལ་ཆེད་དུ་བསམ་གཞིག་བྱ་བའི་གོ་སྐབས་ཤིག་སྦྱིན་པ་འདྲ། ངས་ད་དུང་མཐའ་ཡས་པའི་མཁའ་དབྱིངས་སུ་འདྲེན་བྱེད་ཅེར་ཏེ་སྐར་མ་རེ་རེ་ལས་འོད་སྣང་འབྱུང་བའི་རེ་བ་འཆའ་བར་བྱེད། ཟླ་བའི་འོད་སྣང་ཀློང་གི་སྙན་ངག་ནི་ངའི་ཚོར་འདུ་ཡིན་ལ། ངའི་འཆར་ཡན་གྱི་ཚོར་འདུ་ནི་སྙན་ངག་གསོན་པོ་དེ་ཡིན། </h3>