རྒྱལ་རྩེ། ཞུ་འཛིན་ལྷུན་གྲུབ།

ཕོ་ལོ་ཉེར་བརྒྱད་ཀྱི་འཕྲང་འགག་འགྲིམས་བཞིན།

གཉེར་རིས་ཀྱིས་འཁྱུད་པའི་དཔྲལ་པར་རྡེབ་ཀྱིན།

ཕྱིར་དྲན་གྱི་དྲ་བ་དེ་ཁ་ཕྱེས།

དྲ་བ་ནི་མ་གཞི་ནས་མཐིལ་རྡོལ་བའི་སྣོད་ཅིག་ཡིན་པས།

གསལ་ལ་མི་གསལ་གྱི་དྲན་པ་དེ་ཚོ་བོར་འདུག

ལོ་ཟླ་ཞེས་པའི་ཤོག་ལྷེ་རལ་པོ།

ཡང་ཡང་ཕྱི་ནང་སློག་དུས།

འཇའ་ཚོན་གྱིས་འཁྱུད་པའི་ནམ་མཁའ་སྔོན་པོ་དང་།

གོ་ཁ་ན་ཨ་མྱེས་ཀྱིས་གསུངས་པའི་གནའ་གཏམ་དྲོན་མོ་དེ་དྲན་ཞིང་།

རྩམ་ཐུག་ཧུབ་ཀྱིས་འཐུང་གིན་ཁ་ཤགས་རྩེད་པའི་བྱིས་དུས་ཀྱང་།

རྨི་ལམ་ནང་གི་རྩྭ་ཐང་བཞིན་ཇི་འདྲའི་མཛེས།

ཟླ་བ་ལྔ་པའི་གནམ་གཤིས་འདི་འདྲའི་ཚ་གདུང་ཆེ་བས།

གསོན་ཤུགས་རྒྱས་པའི་རྩྭ་ལྗང་ཡང་སྲེག་ལ་ཁད་བྱེད།

ངས་ཤོག་ངོས་སུ་རྩྭ་ལྗང་ཇི་ལྟར་འབྲི་བཞེངས་བྱས་རུང་།

ཨུ་ཚུགས་ཅན་གྱི་ངའི་གཤིས་ཀ་འདིར།

ཟླ་བ་འདིའི་ཉི་མས་གུ་ཡངས་ཤིག་མ་གནང་།

ནམ་ཟླ་འདིའི་འགྱུར་ལྡོག་བཞིན།

བཅད་ཟིན་པའི་སྨྲ་ར་དེ་ཚོ་སྔར་ལས་ཀྱང་རྫོབ་རྫོབ་སྐྱེས།

དྭངས་གཙང་གི་སེམས་འདི་ཡང་ནམ་ཟླ་འདིས།

རྙོག་ནས་ཐོག་མའི་ངོ་རིས་འདི་བོར་ཟིན།

མ་གཞིར་རྒས་ཀྱིན་པ་ནི།

ལོ་ཟླ་མ་ཡིན་པར།

ལང་ཚོ་མ་ཡིན་པར།

མཛེས་སྡུག་གི་ཕྱིར་དྲན་ཞིག་བོར་གྱིན་པའི་རྒྱུད་རིམ་དེ།

༢༠༡༧༥༡༢ཉིན།