འགག་འཕྲང་གི་གཉན་སྲང་ཤིན་ཏུ་དོགས་པའི་མུན་ཁུང་ནས། །

ཤེས་རབ་ཀྱི་སྒྲོན་མེ་སྤར་བའི་རིག་པའི་དཔའ་བོ་དེ་དྲན་སོང་། །

གཏུམ་དྲག་གི་ཤན་པས་རལ་གྲི་གདེང་པའི་སོ་ཁ་ནས། །

རིགས་ཤིག་གི་སྤོབས་པས་མྱོས་པའི་མི་བུ་དེ་ལྷག་ཏུ་དྲན། །

རིན་པོ་ཆེ་ལགས།

ཚ་བརྒྱུད་ཁོ་བོ་ཅག་གིས་ནམ་ཡང་ཁྱེད་བརྗེད་ཐབས་མེད།

མིག་རྒྱང་རིང་པའི་དྲན་དབང་།

རླབས་ཆེན་གྱི་མི་བུ།

སྙིང་རུས་ཅན་གྱི་ཕོ་རྒོད།

པཎ་ཆེན་སྣང་བ་མཐའ་ཡས་།

འདས་ནས་ལོ་འཁོར་༢༧འཁོར་བའི་རྗེས་དྲན་དུ་ལྷག་བསམ་རྣམ་དག་གིས་ཕུལ།

པཎ་ཆེན་ལགས་རིན་པོ་ཆེ།

མི་རིགས་ཤིག་བཙན་གནོན་གྱིས་ཉམས་དམས་སུ་གྱུར་དུས།

གཡོ་འཕྲུལ་གྱི་བཟི་སྨན་ཟིན་དུས།

རང་རིགས་ཀྱི་ལ་རྒྱ་བོར་དུས།

ར་མ་ལུག་གི་བརྟུལ་ཞུགས་བཟུང་དུས།

རྒྱ་མ་བོད་ཀྱི་སྐད་ཡིག་འདྲེས་དུས།

ཤི་མ་གསོན་གྱི་འདུ་ཤེས་འཛིན་དུས།

འཆི་མེད་ཀྱི་བདུད་རྩི་བྲན་ཏེ།

རྣམ་དཔྱོད་ཀྱི་བློ་གྲོས་སྦྱིན་ཏེ།

ལམ་སྟོན་ཀྱི་སྒྲོན་མེ་སྤར་ཏེ།

མི་རིགས་ཀྱི་སྤོབས་པ་བསྩལ་ཏེ།

དབུགས་ཀྱི་རྒྱུ་བ་འཐུད་སོང་།

ཚེ་སྲོག་གི་ནུས་པ་སྐྲུན་སོང་།

རང་ངོ་རང་གིས་ཤེས་སོང་།

རང་སེམས་དངོས་གྲུབ་ཐོབ་སོང་།

མདོར་ན་སྐད་དང་ཡིག་གེ་བོད་པའི་བླ་སྲོག་གི་གསུང་མཆོག་འདིས།

གནད་བརྒྱའི་མདུད་པ་དུས་གཅིག་ཏུ་དཀྲོལ་སོང་།

ཚིག་བརྒྱའི་གོ་རྒྱུ་གསང་གཅིག་ཏུ་འདུས་སོང་།

གདམས་བརྒྱའི་སྙིང་དོན་དུས་གཅིག་ཏུ་ཐོབ་སོང་།

སྨན་བརྒྱའི་ནུས་པས་ནད་གཅིག་གྲོལ་སོང་།

རིན་པོ་ཆེའི་ཕྲིན་ལས་ཀྱིས།

མ་འོངས་པ་ཧི་མ་ལའི་རི་རྩེ་ནས་རྒྱལ་རྔའི་

སྙན་གྲགས་གཡུ་འབྲུག་ལྟར་

མཁའ་ལ་མཆེད་ཅིང་།

སེང་གེ་ལྟར་གངས་ལ་ཁྱབ་པ།

ཁྱུང་ཆེན་ལྟར་བར་སྣང་ཟིན་ཅིང་།

རྒྱ་སྟག་ལྟར་ནགས་ལ་དབང་སྟེ།

འབྱུང་བ་བཞི་ལ་སྨིན་ནས་འཛམ་གླིང་ཧྲུལ་པོ་

ཀུན་ལ་ཞི་བདེ་ཉམས་པ་མེད་པ་སྦྱིན་ངེས།

བསོད་ནམས་ཉི་མས།