ང་ཚོ་ཡུན་རིང་དུ་གཉིད་ལ་ཡུར་སོང་།

སླུ་བྲིད་ཀྱི་རུམ་དུ་ཐིམ་ནས།

སྨིག་རྒྱུ་ལ་ཆུ་རུ་བརླམས་མུས།

མེས་པོ་ཚོ་དལ་ཙམ་བརྗེད་ངན་གྱིས་བརྐུས་སོ། །

འཇིགས་རུང་གཏུམ་དྲག་གི་གཤིན་རྗེའི་གྲོང་དུ་ལོ་

ནས་ལོ་རུ་བརྒྱུད་དེ་སྡུག་འདྲིས་ཁུར་ལ་ཉེ།

གཡོ་སྒྱུ་ཐབས་རྩལ་གཟེར་ལ་རྣོ་བའི་སྦྲིད་སྨན་གྱི་

གཟེབ་དུ་བཙོས་ནས།

ཡིད་དབང་ཤེས་གསུམ་ལ་དྲི་ངན་ཐུལ་ཐུལ་དུ་ཁ་སྟེ།

འགྲོ་ན་སྲ་མི་བརྟན་ཅིང་བསྡད་ན་ཚུགས་མི་ཐུབ་པ།

བཤད་ན་སྒྲ་མི་འཐོན་པའི་ར་མ་ལུག་ཁྱུ་ཞིག །

ཨ་བྲས་ཟོས་ཤིང་འབུ་ནག་གིས་རྫད་པའི།

འཕྲུལ་གྱིས་བརླགས་ཤིང་རྐུན་མ་ཡིས་ཁྱེར་བའི།

འགད་རྫས་ཀྱིས་གཏོར་ཞིང་དུག་རྫས་ཀྱིས་བསླད་མ།

རྫས་འགྱུར་གྱིས་བརླབས་ཤིང་ནད་དུག་གི་གད་སྙིགས།

གྲོང་ཁྱེར་གྱི་སྐྱག་ཁུ་དང་ངན་དགུའི་ཁྲུད་གླུད།

མདོར་ན་ས་གཙང་བཅོམ་ཞིང་ཆུ་གཙང་སྙོགས་པས།

མྱ་ངམ་གྱི་ཐང་སྐྱ།

ཡི་མུག་གི་རི་ལུང་།

ཐལ་རྡུལ་གྱི་འཇིག་རྟེན།

མག་མོག་གི་སྐྱོ་གར་ཁྲོད།

སོ་ཟད་རྐན་དང་།

ཤ་ཟད་རུས་ལ་ཐུག་པའི།

དྲེལ་མ་བོང་བུའི་ཁྱུ་ཚོགས།

ཟོག་མ་བ་ཡི་རྣམ་པ།

ར་མ་ལུག་གི་གཡང་དྭགས།

ཁྲ་མ་ཁྲེ་ཡི་ཞིང་ཁ།

གྲ་མ་གྲེ་ཡི་འབྲུ་སྣ།

ཚེར་དང་ཤང་སྐེས་འབགས་ལ།

མི་ཚེའི་ཕུགས་མདུན་བཅོལ་ནས།

ཐུན་གསུམ་རྨི་ལམ་འགག་འཕྲང་ནས་ཤི་མ་གསོན་ལ་མྱོང་བའི་མནར་སྡུ

ག་གཙེས་བཞིན་པའི་སྐབས།

ཤེས་རབ་དང་སྙིང་རྗེའི་རྒྱུ་རྒྱུད་ཕུན་སུམ་ཚོགས་ཤིང་།

ཐུགས་བསྐྱེད་ལས་སྨོན་བཟང་པོས་རྟེན་འབྲེལ་དུས་སུ་སྨིན་པའི།

ཉམས་མྱོང་རྒན་པོས་ཀི་སྒྲ་དང་།

ཐབས་མཁས་ཟབ་མོས་བསྭ་སྒྲ་ཡིིས།

རྨོངས་གཉིད་འཐིབས་པའི་མུན་འཐོམས་གཏོར་ཞིང་།

ལུས་སེམས་སྦྲིད་པའི་རིམས་ནད་བསལ་ཏེ།

ཚེ་སྲོག་དྭངས་མའི་དབུགས་རྒྱུན་མཐུད་ལ།

རྣམ་དཔྱོད་གྲིམ་པའི་ཕྱི་མིག་གསར་པ་བྱི་དོར་ཡང་ནས་ཡང་དུ་མཛད་པས།

སྔར་ལས་གསལ་བའི་དམིགས་བུས།

རྗེས་ལུས་ཀྱི་རྩ་བ་མཐོང་ཞིང་།

སྔོན་ཐོན་གྱི་གྲབ་ཤོམ་བགོས་ཏེ།

མིག་ལ་ཉི་མ་རང་ཤར།

སེམས་ལ་མུན་པ་རང་བསལ།

རིགས་ཀྱི་སྨན་མཆོག་བདུད་རྩི།

རུས་ཀྱི་རྡོ་རྗེའི་ཚེ་སྲོག །

ཡུན་ནས་ཡུན་དུ་བརྟན་པའི།

བརྩོན་འགྲུས་ཐང་ལྷོད་མེད་པ།

ཡང་ཡང་བརྩམས་པ་གྱིས་དང་།

བདེན་མཐར་གསལ་བའི་ཉིན་དེ།

རིང་པོ་མིན་པ་ངེས་སོ། །

2016/9/7ཉིན་ལྷག་བསམ་རྣམ་དག་གིས།