ནུས་པ་སྐྱེད་སྲིང་གི་སློབ་གསོ་སྤེལ་དགོས་ཚུལ་སྐོར།

普布斯达

༄༅། ། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཉམས་ལེན་ལས་འཕྲོས་པའི་ནུས་པ་སྐྱེད་སྲིང་གི་སློབ་གསོ་སྤེལ་དགོས་ཚུལ་སྐོར་སྟབས་བདེར་བཤད་པ།
ས་སྐྱ་པཎྜིཏའི«མཁས་འཇུག»ལ་ཡང་གཅིག་བལྟ་ཀློག་བྱས་པའི་མྱོང་བ་ཕྲན་བུ།
ལྷ་ས་གྲོང་ཁྱེར་སློབ་གསོ་ཞིབ་འཇུག་སོའོ། ཕུར་བུ་སྲིད་ཐར།

སློབ་གསོ་འཕེལ་རྒྱས་ཇི་ཙམ་བྱུང་བ་དང་དེར་བསྒྱུར་བཅོས་ཇི་ཙམ་བྱས་ན་ཡང་རུང་། དེང་རབས་སློབ་གསོ་དང་སྲོལ་རྒྱུན་སློབ་གསོ་གཉིས་ཀྱི་སློབ་གསོའི་ངོ་བོ་དང་དེ་གཉིས་ཀྱི་དགོངས་དོན་ལ་ནམ་ཡང་ཁྱད་མེད་པར་གཅིག་གི་སྟེང་དུ་གནས་ཡོད་པ་ནི། སློབ་མའི་འཆད་རྩོད་རྩོམ་གསུམ་གྱི་ནུས་པ་སྐྱེད་སྲིང་ཐུབ་པའི་སློབ་གསོ་སྤེལ་དགོས་པ་དེ་རང་ཡིན། དེས་ན། དེ་ལྟའི་སློབ་གསོ་སློབ་ཁྲིད་སྤེལ་བའི་ཐབས་ཀྱི་དམ་པ་དེ་དེང་རབས་སློབ་གསོའི་ལམ་ལུགས་ཁོ་ནས་སློབ་གསོ་བ་དང་སློབ་གཉེར་བ་ལ་བཏོན་པའི་རེ་བ་ཞིག་མིན་པར། སྲོལ་རྒྱུན་སློབ་གསོའི་ལམ་ལུགས་དང་རིགས་གཞུང་གི་ནང་དུ་ཡང་ནང་དོན་ལེགས་པར་བསྟན་ཡོད་ཅིང་། དེ་ལྟའི་དགོངས་དོན་ཆེས་ཕུན་སུམ་ཚོགས་ཤིང་ལག་བསྟར་དོན་ཐོག་ཏུ་འཁྱོལ་བ་བྱུང་ཡོད་པ། དཔེར་ན་བོད་ཁུལ་གྱི་རིག་གནས་སློབ་གསོ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་མཁས་པའི་ཡང་རྩེར་སོན་པའི་སློབ་གཉེར་བ་བགྲང་གིས་མི་ལོང་བ་ཐོན་ཐུབ་པ་བྱུང་ཡོད་པ་ངེད་ཅག་གིས་ངེས་པར་རྒྱུས་མངས་མཁྱེན་ངེས། དེ་ཡང་། འདིར་གང་ཐུབ་ཀྱིས་རྙོག་གཏམ་དང་ཚིག་རོས་མ་སྦགས་པར་ས་སྐྱ་པཎ་ཆེན་གྱིས་མཛད་པའི་མཁས་པ་འཇུག་པའི་སྒོ་ལ་ཡང་གཅིག་བལྟ་ཀློག་བྱས་པ་ལས་སློབ་གསོའི་སྤེལ་ཕྱོགས་ལ་སླར་མྱོང་ཚོར་འགའ་ཞིག་སྐྱེས་བྱུང་བས་དེ་ལས་བསྟན་པའི་འཆད་རྩོད་རྩོམ་གསུམ་གྱི་སྔ་ཕྱི་རྩོད་པ་དང་འཆད་པ། རྩོམ་པ་གསུམ་གྱི་རིམ་པ་ལ་བརྟེན་ཏེ་ནུས་པ་སྐྱེད་སྲིང་ཐུབ་པའི་སློབ་གསོ་སློབ་ཁྲིད་ལ་ཞུགས་དགོས་ཚུལ་སྟབས་བདེར་བཤད་པ་ཡང། །

དང་པོ། རྩོད་པ་ལས་འཕྲོས་པའི་ནུས་ལྡན་སློབ་གསོའི་སྐོར།
མཁས་འཇུག་ལས། འབེལ་བའི་གཏམ་ལ་སྦྱོར་དངོས་རྗེས། ། སྦྱོར་བ་རྩོད་པའི་ལམ་སྦྱང་ཕྱིར། ། རྒོལ་བ་གཉིས་དང་དཔང་པོ་རྣམས། ། ངེས་པར་བྱས་ནས་བརྩད་ལ་འཇུག ། ཅེས་རང་རང་གི་གྲུབ་མཐའ་འཛིན་པར་ཁས་ལེན་པའི་རྒོལ་བ་དང་། དེ་སུན་འབྱིན་པར་ཁས་ལེན་པའི་ཕྱིར་རྒོལ་བ། དེ་གཉིས་ཀྱི་སྐྱོན་དྲང་པོར་འབྱེད་པའི་ཁས་ལེན་པའི་དཔང་པོ་གསུང་ངེས་པར་བྱས་ནས་བརྩད་པར་བྱའོ། ། ཞེས་གསུངས་པ་བཞིན། རང་གཞན་གྱི་གཞུང་ལུགས་ལ་བློ་སྦྱངས་པའི་སློབ་གཉེར་བ་སྔ་རྒོལ་ཕྱི་རྒོལ་གཉིས་ཀྱིས་གཅིག་གིས་གཞུང་གི་གནད་དོན་གང་རུང་ཞིག་ལ་དྲི་བ་བཏོན་ནས་གཅིག་གིས་དྲིས་ལན་འདེབས་པ་དེ་ལ་གཅིག་ཤོས་ཀྱིས་དགག་པ་བརྒྱབ་པ་སོགས་བགྲོ་གླེང་བྱེད་པ་དེ་རིགས་ཏེ། གནད་དོན་འདོན་པ་དང་། གནད་དོན་དབྱེ་ཞིབ་བམ་རྩད་ཞིབ་བྱེད་པ། རིག་པས་བརྡར་གཅོད་ཀྱིས་གནད་དོན་ཐག་གཅོད་བྱེད་པའི་ཐབས་དེ་ནི་རྩོད་པ་ལ་གོ་དགོས། དེ་ཡང་། གནད་དོན་འདོན་པ། གནད་དོན་དབྱེ་ཞིབ་དང་གྲོས་སྡུར། བགྲོ་གླེང་། གནད་དོན་ཐག་གཅོད་བྱེད་པ་ནི་དེང་རབས་སློབ་ཁྲིད་བྱེད་ཐབས་ཀྱི་སྙིང་དོན་ལས་མངོན་པ་འདི་ཡང་སློབ་གསོའི་ལས་ལ་འཇུག་བཞིན་པའི་དགེ་རྒན་ཚོས་བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལས་བྱུང་བའི“རྩོད་པ”ལ་གཙིགས་ཆེན་འགངས་ཆེན་བྱེད་དགོས་ཏེ། མཁས་འཇུག་ལས། ཆོས་དང་མཐུན་པའི་རྩོད་པ་ལ། ། ལོག་རྟོག་བཟློག་ཕྱིར་བརྩད་བྱ་ཡི། ། ཆགས་སྡང་དབང་གིས་རྒྱལ་འདོད་དང་། ། ཕ་རོལ་ཕམ་པ་བསྐྱེད་ཕྱིར་མིན། ། ཞེས་དང་། མཁས་འཇུག་ཏུ་སློབ་དཔོན་དབྱིག་གཉེན་གྱིས། གང་ཞིག་རྒྱལ་འདོད་འབའ་ཞིག་གིས། ། རྩོད་སྨྲ་དམ་པ་མ་ཡིན་ཏེ། ། དེ་ཉིད་སོམ་ཉི་ངེས་པར་བྱེད། ། ཅེས་གསུངས་པས། རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས། ཞེས་གསུངས་པ་ལྟར། རྩོད་པ་པོ་ཕན་ཚུན་བར་ངན་གཡོ་དང་། ཁྱད་གསོད། ཡིད་འཁྲུགས་སོགས་རྩོད་པའི་སྐྱོན་དག་མི་འབྱུང་བར་གཞུང་དང་ཤེས་བྱའི་གནས་ལུགས་བསྟན་པའི་གནད་དོན་ལ་རྩོད་པའི་རྣམ་བཞག་གཏན་ལ་ཕབ་པ་འདི་ན། ༡ བཞིན་མདངས་གསལ་བ། ༢ ངག་སྙན་ཞིང་འཇམ་པ། ༣ ཕ་རོལ་ལ་དམའ་འབེབས་པའི་ཚིག་མདའ་མི་འཕེན་པ། ༤ ལུང་རིགས་གསལ་ལ་རྣོ་བ། ༥ སྒྱིད་ལུག་དང་ང་རྒྱལ་མེད་པ། ༦ རིགས་ལམ་འདོར་བའི་གཡོ་སྒྱུ་དང་ཆགས་སྡང་མེད་པ། ༧ རང་གཞན་གྱི་དོན་དང་བསྟན་པ་ལ་གཅེས་པར་འཛིན་པ་སོགས་རྩོད་པ་ལེགས་ཤིང་སྤྱོད་པ་མཛེས་པའི་རྒྱན་གྱིས་སྤྲས་ཤིང་། དེ་ལྟར་དུ་རྩོད་པ་བྱེད་པར་གང་ལ་རྩོད་པའི་གནས་དང་། ཇི་ལྟར་རྩོད་པའི་ཚུལ། རྩོད་པའི་དགེ་མཚན་ནམ་འབྲས་བུ་བཅས་རྩོད་པའི་རྣམ་བཞག་གསུམ་གཞིར་བཟུང་གིས་རྩོད་དགོས་གལ་ཆེ་བར་བསྟན་པ་འདི་ཡང་། རིག་པས་བརྡར་གཅོད་ཀྱིས་སློབ་མའི་ནུས་པ་གསོ་བ་དང་ནུས་པ་སྐྱེད་སྲིད་བྱེད་དགོས་གལ་ཆེ་བར་བསྟན་པའི་རང་རིགས་སྲོལ་རྒྱུན་སློབ་གསོ་གང་དེ་དེང་རབས་སློབ་གསོའི་བསྒྱུར་བཅོས་ཀྱི་སྙིང་དོན་དང་ཡོངས་སུ་མཐུན་པར་ཡོད་པ་འདི་ནི་ཅི་འདྲའི་སྔོན་ཐོན་ཅན་ཞིག་ཡིན་པས་དགེ་རྒན་གྱིས་འདི་ལྟའི་སློབ་གསོའི་གོམས་སྟབས་ཤིག་སྤོས་ནས། དགེ་སློབ་མཉམ་འཕེལ་གྱི་མཉམ་སྡུར། མཉམ་གྲོས། མཉམ་གླེང་། མཉམ་རྩོད་ཀྱིས་རིག་པས་བརྡར་གཅོད་བྱེད་ཐུབ་པ་དང་གནད་དོན་ཐག་གཅོད་བྱེད་ཐུབ་པའི་འཚོལ་དཔྱད་རང་བཞིན་གྱི་སློབ་གསོ་སླེལ་དགོས་གལ་ཆེ་བར་མཐོང་བ་ཡང་། མཁས་འཇུག་ལས། དེས་ན་མཁས་པས་གྲུབ་མཐའི་སྐྱོན། ། གཟུ་བོར་བརྗོད་པས་ཚར་གཅད་ཀྱི། ། གང་ཟག་སྐྱོན་དང་བདག་བསྟོད་པ། ། ངན་འགྲོའི་རྒྱུ་ཕྱིར་མཁས་པས་སྨད། ། ཅེས་གསུངས་པ་བཞིན་ནོ། །

གཉིས་པ། འཆད་པ་ལས་འཕྲོས་པའི་ནུས་ལྡན་སློབ་གསོའི་སྐོར།
དེ་ཡང་། མཁས་འཇུག་ལས། གཙང་མཁས་གཞན་ལ་ཕན་པར་འདོད། ། བློ་གསལ་ཤེས་འདོད་བླ་མར་གུས། ། ཞེས་གསུངས་པ་བཞིན། བོད་ཀྱི་སྲོལ་རྒྱུན་སློབ་གསོས་དགེ་རྒན་དང་སློབ་མའི་འཆད་པའི་ནུས་པ་དང་ཡོན་ཏན་གང་དེ་ཆེས་དོན་ཆེ་འགངས་ཆེར་འཛིན་གྱི་ཡོད་པ་ལས་འཆད་མཁན་དགེ་རྒན་ནམ་སློབ་དཔོན་ནི། ༡ ཚུལ་ཁྲིམས་དག་པས་ལུས་ངག་གཙང་བ་དང་། ༢ ཤེས་རབ་དག་པས་ལུང་རིགས་ལ་མཁས་པ། ༣ ལྷག་བསམ་དག་པས་གཞན་ལ་ཕན་པར་འདོད་པ་བཅས་ཀྱི་མཚན་ཉིད་གསུམ་དང་ལྡན་དགོས་ཤིང་། ༡ ཕྱིའི་ཀུན་སྤྱོད་གཙང་བ། ༢ རིག་པའི་གནས་ཀུན་ལ་མང་དུ་ཐོས་པ། ༣ ཕྱི་ནང་གཞུང་ལུགས་ཀུན་ལ་མཁས་པ། ༤ རང་གི་གདུལ་བྱ་སློབ་མར་ཕན་སེམས་དང་ལྡན་པ། ༥ དུས་སུ་འདོམས་པ། ༦ ང་རྒྱལ་མེད་པ། ༧ ཡང་ཡང་འཆད་པས་སུན་སྣང་མི་སྐྱེ་བ། ༨ སློབ་མའི་བློ་ཁ་དང་མཐུན་པར་འཆད་པར་མཁས་པ་བཅས་ཡོན་ཏན་བརྒྱད་དང་ལྡན་པས་འཆད་དགོས་ལ། འཆད་པར་བྱ་བའི་ཡུལ་སློབ་མས་ཀྱང་དབང་པོ་གསལ་ཞིང་རིག་པ་རྣོ་བ། ཤེས་བྱ་རིག་པའི་གནས་ཀུན་ལ་འཇུག་འདོད་ཀྱི་སྤྲོ་བ་རྒྱ་ཆེན་ཡོད་པ། བརྩོན་པ་ཆེ་བ། རང་རྒྱུད་ལ་ཤེས་བྱ་ཅུང་ཙམ་འབྱོར་བ་ཙམ་གྱིས་ཆོག་ཤེས་ཀྱི་བློ་དང་ང་རྒྱལ་མི་སྐྱེས་པར་དགེ་བའི་བཤེས་གཉེན་ལ་ནད་པས་སྨན་པ་བསྟེན་པའི་འདུ་ཤེས་ཀྱིས་དད་པ་བྱས་པ་དང་ དེ་བཞིན་དད་པ་བྱས་ན་ཁྱི་སོ་ལ་འོད་འཁྲུངས་པའི་གཏམ་དཔེ་བཞིན་དུ། དུས་རྟག་ཏུ་གུས་པས་ཉན་ཏེ་བློ་སྒོ་ཕྱེ་བ། སློབ་ལ་འཇུག་འདོད་ཀྱི་སྤྲོ་བ་སྐྱེས་ནས་རང་རྒྱུད་ཀྱི་གནད་དོན་ལ་དབྱེ་ཞིབ་དང་། དེ་ཐག་གཅོད་བྱེད་ཐུབ་པ། དེ་མཚུངས་ཀྱིས་གནད་དོན་འདོན་ནུས་པ། གོ་བ་སྐྱེ་བ། དོགས་སློང་བྱེད་ཐུབ་པ། དྲིས་ལན་འདེབས་ནུས་པ། སྨྲ་ལྕེ་བདེ་བ། ཁ་གསལ་དོན་འདུས་པ། ཚིག་མཛེས་ཤིང་དཔེ་དོན་འཚམ་པ། རིགས་ལམ་གསལ་བ་སོགས་ཀྱིས་འཆད་པའི་ནུས་པ་གསོ་ཞིང་བསྔོག་འདོན་གྱིས་འཆད་པའི་ནུས་པ་སྐྱེད་སྲིང་གི་སློབ་གསོ་སྤེལ་དགོས་གལ་ཆེ་བ་ཡང་དེང་རབས་སློབ་གསོའི་དགོངས་དོན་དང་དེའི་ཁ་ཕྱོགས་དང་ཡོངས་སུ་མཐུན་པ་ཡིན་ཞིང། འཆད་ཡུལ་སློབ་མར་ཡང་། ༡ རང་བཞིན་གྱིས་སློབ་གསལ་བས་བརྗོད་དོན་རྟོགས་པར་ནུས་པའི་ཤེས་རབ་ཡོད་པ། ༢ ཤེས་འདོད་དོན་དུ་གཉེར་བས་བརྩོན་འགྲུས་ཡོད་པ། ༣ བླ་མ་ལ་གུས་ཤིང་ཕྲག་དོག་མེད་པས་བློ་གཟུ་བོར་གནས་པའི་མཚན་ཉིད་གསུམ་དང་བཅས་པ་ལྡན་དགོས་ཤིང་། འཆད་ཉན་བྱ་བའི་ཀུན་སྤྱོད་ལ་ཡང་། ལུས་ཉལ་བ་དང་འཕྲེས་པ་དང་ཕྱག་རྒྱ་མི་མཛེས་པ། རྐང་པ་རྐྱོང་བ་ལ་སོགས་པ་སྤངས་བའི་ལུས་ཀྱི་ཀུན་སྤྱོད་མཛེས་པ། ངག་སྨྲ་བ་མང་བ་དང་། ཟློས་སྐྱོན། སྐད་གདངས་ཞན་པ་དང་ལྡབ་ལྡིབ་སྨྲ་བ། བརྩེ་དུང་གི་ཉམས་ཞན་པའི་སྒྲ་མཐོ་དམན་ཅན་ལ་སོགས་སྤངས་ཏེ་དབྱངས་ཀྱི་ཡན་ལག་ཕུན་སུམ་ཚོགས་པས་གསལ་ཞིང་དག་པའི་ངག་གི་ཀུན་སྤྱོད་རྣམ་པར་དག་པ། མི་ཉམས་པ་བསྲུངས་པའི་ཕྱིར་སྤྲོ་ཞིང་གུས་པས་འཆད་ཉན་དེ་བསྒྲུབ་དགོས་པ་ཡིན་ནོ། །
དེ་བཞིན་འཆད་པའི་སྐབས་སུ་ཡང་། མཁས་འཇུག་ལས། གཞུང་ལུགས་གང་དང་གང་འཆད་པ། ། བྱེད་པའི་ཚིག་གིས་རབ་སྦྱར་ཏེ། ། ཚིག་དོན་ལེགས་པར་སྦྲེལ་ནས་ནི། ། འཆད་པའི་བརྡ་སྤྲོད་བྱེད་པའི་ལུགས། ། གསུངས་པས། ལེགས་པར་མི་འཆད་པ་དང་། ཐེ་ཚོམ་གྱིས་འཆད་པ། ལོག་པར་འཆད་པ། དཀའ་བའི་གནད་ལ་བྱིལ་བྱིལ་པོ། དགོས་སར་མི་སྤྲོ་ཞིང་མི་དགོས་སར་སྤྲོ་བ། སྐབས་སུ་བབས་པ་མི་འཆད་ཅིང་སྐབས་སུ་མ་བབས་པ་འཆད་པ། ཚིག་དོན་ལེགས་པར་བརྡ་མི་སྤྲོད་པ། གཞན་ལ་ཁྱད་གསོད་དང་མཐོང་ཆུང་འཕྱ་སྨོད་བྱེད་པའི་ཚུལ་གྱིས་འཆད་པ་ལ་སོགས་པ་ངེས་པར་སྤངས་ནས་གཞན་ལ་ཕན་འདོད་ཀྱི་བརྩེ་བའི་བསམ་པ་རྒྱ་ཆེན་པོས་བཤད་པར་བྱེད་པའི་འཆད་པ་པོ་རྣམ་དག་ཡིན་དགོས་ལ། འཆད་པའི་ཚུལ་ཡང་སློབ་མ་ཤེས་རབ་ཆེ་ཆུང་ལ་བསྟུན་པའི་འཆད་ལུགས་ཤེས་དགོས་ཏེ། སློབ་མ་དབང་པོ་རྣོ་ལོས་དང་རིག་པ་སྐྱེན་ལོས། བློ་རིག་སྤྱང་གྲུང་འཛོམས་ཆེ་ཆུང་འདྲ་མིན་གྱིས། དབང་པོ་རྣོ་ཞིང་བློ་གྲོས་ཅན་རྣམས་ལ་ཚིག་བརླིང་ཞིང་སྦྲེལ་ལེགས་ལ་དོན་ཟབ་ཅིང་རྒྱ་ཆེ་བར་འཆད་དགོས་ལ། དབང་པོ་བརྟུལ་ཞིང་བློ་གྲོས་ཆུང་བ་རྣམས་ལ་ཚིག་བཟུང་བདེ་ཞིང་དོན་གོ་སླ་བ། དོན་ཡང་རྟོགས་སླ་ཞིང་རྣ་བར་སྙན་པར་བཤད་དགོས་ཁར། སློབ་མས་ཀྱང་སྣོད་ཀྱི་སྐྱོན་གསུམ་ཡོངས་སུ་སྤངས་ཏེ། ཤེས་འདོད་དོན་དུ་གཉེར་བས་ལེགས་པར་ཉན་པ་ནི་སྣོད་ཀྱི་ཡོན་ཏན་དང་ལྡན་པའི་ཉན་པ་པོ་རྣམ་པར་དག་པ་ཡིན་ན། ལེགས་པར་ཉན་ཏེ་རང་རྒྱུས་ཀྱི་ནུས་པ་གསོ་བའི་སློབ་གཉེར་ལ་ཞུགས་ནས་དེ་ལྟའི་ནུས་པ་སྐྱེ་སྲིང་གིས་རང་གིས་ཀྱང་དེ་ལྟར་འཆད་པའི་བྱ་བར་མཁས་དགོས་པ་ཡིན་པས་སོ། །

གསུམ། རྩོམ་པ་ལས་འཕྲོས་པའི་ནུས་ལྡན་སློབ་གསོའི་སྐོར།
མཁས་འཇུག་ལས། མང་དུ་ཐོས་ཤིང་མཐོང་ནས་གོམས་པ་དང་། ། མན་ངག་དབང་གིས་དཔལ་ལྡན་ཀུན་དགའ་ཡི། ། རྒྱལ་མཚན་འདི་ན་དགའ་ཙམ་འཆད་པ་ལ། ། མཁས་པ་རྣམས་ཀྱིས་དགའ་བ་སྐྱེད་དེ་ཉོན། ། ཅེས་དང། མཁས་འཇུག་ཏུ་དྲངས་པའི་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་པར། ། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། ། གཞན་དག་ཚར་གཙད་རྗེས་སུ་གཟུང་བར་བྱ་ཕྱིར་དང་། ། རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། ། ཅེས་བསྟན་པ་བཞིན། དེང་རབས་ཀྱི་རྩོམ་པ་པོ་སྐོར་ཞིག་དང་འདྲ་བར་གཞུང་ལ་སྦྱངས་པ་མེད་པར་མཁས་པ་དང་། སྙན་ངག་མཁན་དུ་འགྱུར་འདོད་པ་ནི་མི་སྲིད་པ་ཤུགས་ནས་བསྟན་ཏེ། རང་གི་སྙན་གྲགས་དང་། རྒྱུ་དངོས་པོའི་འབྱོར་པའི་ཁེ་ཕན། ཕྱིའི་རྒྱལ་ཁ་གང་རུང་ཞིག་གི་ཆེད་དུ་ངལ་བའི་ལས་ལ་བྲེལ་ཏེ་བསྟན་བཅོས་སོགས་རྩོམ་པ་དང་དཔེ་དེབ་སྒྲིག་པ་སོགས་མ་ཡིན་པར་སྔར་གྱི་བོད་ཀྱི་སློབ་གསོས་སྔོན་བྱོན་མཁས་དབང་རྣམས་ཀྱང་དགུང་ལོ་ཆུང་དུས་ནས་སློབ་མའི་དུས་ཀྱི་རྩོམ་འབྲིའི་ནུས་པ་མཐོར་འདེགས་ལ་མཐོང་ཆེན་ཆེས་ཆེ་བར་བྱས་ཡོད་པས། རིག་པའི་གནས་ཀུན་ལ་མཁས་པའི་མཁས་པའི་ཡང་རྩེ་རྒྱུན་མི་ཆད་པར་བྱུང་ཡོད་པ་དེས་ན། དེང་རབས་སློབ་གསོའི་ཁ་ཕྱོགས་ཀྱི་སྙིང་དོན་དང་ཡོངས་སུ་མཐུན་པའི་བོད་ཀྱི་སྲོལ་རྒྱུན་སློབ་གསོས་སློབ་མའི་ནུས་པ་གསོ་བ་དང་དེའི་ནུས་པ་བསྔོག་འདོན་བྱ་རྒྱུ་དེ་གལ་ཆེ་འགངས་ཆེར་དགོངས་ཏེ་ཆུང་དུས་ནས་སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱ་རྒྱུ་གཙིགས་ཆེན་དུ་གནང་ཡོད་པས་ཚིགས་བཅད་དང་། ཚིག་ལྷུག  བཅད་ལྷུག་སྤེལ་མའི་ལུས་གསུམ་གང་རུང་གི་ཐོག་ནས། སྙན་ངག  ལོ་རྒྱུས། གཞུང་ཆེན་དང་གཞུང་འགྲེལ། ལེགས་བཤད་བསྟན་བཅོས། ཟློས་གར་ལ་སོགས་པའི་གླེགས་བམ་གྱི་པོ་ཏི་རི་རྒྱལ་ལྷུན་པོ་བཞིན་ཏུ་བརྩེགས་འདྲ་བ་བཤམས་ཡོད་པའི་རྒྱ་ཆེ་གཏིང་ཟབ་བོད་ཀྱི་རིག་གཞུང་ཀུན་ལ་ཁྱབ་པའི་བརྩམས་ཆོས་བལྟ་བས་ཆོག་མི་ཤེས་པ་འདི་ལྟ་བརྩམས་ཐུབ་ཡོད་ན། རྗོད་པ་དང་རྗོད་ཕྲེང་། བསྡུས་འབྲི་དང་རྒྱས་འབྲི། ཀ་ཕྲེང་དང་འཕྲིན་ཡིག  སྙན་རྩོམ་ཐུང་ངུ་ནས་ལྷུག་རྩོམ། དགག་རྩོམ་དང་སྒྲུང་གཏམ་སོགས་གང་རུང་རིམ་བཞིན་ཐོགས་པ་མེད་པར་འབྲི་ཐུབ་པའི་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་བའི་སློབ་གསོ་སློབ་ཁྲིད་ལ་འཇུག་ནས་ཀུན་སྤྱོད་གཙང་ཞིང་གཞན་དོན་ལ་སྤྲོ་བའི་འཆད་རྩོད་རྩོམ་གྱི་ནུས་པས་བརྒྱན་པའི་མི་རབས་ཕྱི་མ་མང་དག་ཅིག་གསོ་བའི་སློབ་གསོ་སློབ་ཁྲིད་ལ་ནན་གྱིས་དང། རྟག་ཏུ་ཀུན་སློང་དྭངས་མས་འཇུག་དགོས་ཆེ་བར་སྙམ་ཏེ། མཁས་འཇུག་ལ་བལྟ་ཀློག་ཡང་གཅིག་བྱས་པས་དེའི་དགོངས་དོན་ལས་རང་ཉིད་ལ་མྱོང་བ་འགའ་ཞིག་བྱུང་བ་དག་ཀྱང་དེའི་དགོངས་དོན་དང་སྦྱར་ཏེ་དེང་གི་སློབ་གསོའི་ཁ་ཕྱོགས་ཀྱི་དགོངས་དོན་ཇི་བཞིན་དུ་ཤེས་རིག་སློབ་པ་ཁོ་ན་གཙིགས་སུ་འཛིན་པ་ཙམ་གྱིས་མི་ཆོག་པར་ནུས་པ་སྐྱེད་སྲིང་གི་སློབ་གསོ་ལ་འཇུག་དགོས་གལ་ཆེ་བ་དེ་ཡང་བོད་ཀྱི་སྲོལ་རྒྱུན་སློབ་གསོས་ཀྱང་དེ་ལྟར་དུ་དམིགས་སུ་འཛིན་གྱི་ཡོད་ཚུལ་སྐོར་ཞིག་བྲིས་ཏེ་ནུས་པ་སྐྱེད་སྲིང་གི་སློབ་ཁྲིད་ཀྱི་བྱ་བར་ཞུགས་དགོས་ཚུལ་སྐོར་འདི་ལྟར་དུ་ཐལ་སོང་བས་དགོངས་འཆར་ལྷུག་སྩོལ་གྱིས་སློབ་གསོ་སློབ་ཁྲིད་ཀྱི་འོས་འགན་དང་དགེ་རྒན་གྱི་འོས་འགན་རླབས་པོ་ཆེ་དེ་ཁུར་བའི་སེམས་བསྐྱེད་དྭངས་མ་དེར་སྨོན་པའོ། །