འཛོ་ཀིའི་སྤྱོད་པར་རྒོལ་བ།

བེ་དུང་།

བྱ་དངོས་ལ“གཙང”དང“དམེ”བའི་ཁྱད་པར་འབྱེད་ཅིང་གཙང་མ་བསྟེན་ཞིང་དམེ་བ་འདོར་བ་ནི་འགྲོ་བ་མི་ཡི་ཆེས་མཐོའི་ལེགས་སྤྱོད་དང་། ཀུན་རྟོག་གི་སྟེང་ནས་བླང་དོར་འབྱེད་པའི་ཤེས་རབ་ན་འཕེལ་བའི་དན་རྟགས་རེད། དེ་ཡང་འགྲོ་བ་མི་ཡི་གནའ་མྱེ་རུ་གྱུར་པའི་སྤྲ་དང་སྤྲ་མི་དག་ལ་མཚོན་ན་དེང་གི་གོག་འགྲོ་ཅན་དག་ལྟར་གཙང་དམེ་གཉིས་འཛིན་གྱི་རིག་ཤེས་གསལ་བོ་ཞིག་མེད་ཅིང་། དེའི་དབང་གིས་བཟའ་བཅའ་དང་གྱོན་གོས་ཚུན་ལ་གཙང་དང་དམེ་བའི་འདོར་ལེན་རྒྱ་ཆེར་བྱེད་མི་ཤེས་ལ། རྐྱེན་དེ་ཡིས་ཁོང་ཅག་གི་ལུས་ཀྱི་མདོག་དབྱིབས་དང་། སེམས་ཀྱི་དཔྱོད་རིག་སོགས་ཆ་གང་ཐད་ན་སྔོན་ཐོན་མིན་པའི་ཞན་ཆ་ཕོན་ཆེན་བདོག ཡིན་ཡང་སྤྲ་མི་དག་གིས་ཀྱང་སོ་སོའི་འཚོ་བ་ལེགས་སུ་གཏོང་ཆེད་ཕྱི་ཡུལ་རང་བྱུང་ཁམས་ལ་འཐབ་རྩོད་དང་བསྒྱུར་བཀོད་བྱེད་པའི་བརྒྱུད་རིམ་ཁྲོད་ནས་ཤེས་བྱའི་ཡིན་ལུགས་མཐོང་བའི་ཉམས་མྱོང་གསོག་སྤེལ་བྱས་པ་ལས་སོ་སོའི་གོ་རྟོགས་ཀྱང་རིམ་པར་ན་འཕེལ་ཏེ། གཙང་དམེ་གཉིས་འཛིན་གྱི་རིག་ཤེས་ཟབས་སུ་ཕྱིན་ནས་བཟའ་བཅའ་གྱོན་ཆས་ཚུན་ལ་གཙང་བཙོག་གི་འདོར་ལེན་དང་། འཚམས་མིན་དབྱེ་བསལ་བྱས་ཏེ་འཕྲོད་པ་བརྟེན་ཞིང་ལོག་པ་འདོར་བའི་སྤོང་ལེན་གྱི་བྱེད་པ་ཤུགས་ཆེ་རུ་ཕྱིན། དེ་ལྟར་བཟའ་བཅའ་གྱོན་ཆས་སོགས“འཕྲོད་ལེན་ལྡོག་འདོར”གྱི་གདམ་གསེས་བྱས་པས་འཚོ་བའི་ཉེར་སྤྱད་ལ་ལེགས་པ་འཛོམས་ཤིང་ཉེས་པ་བྲལ་ནས་སྤྲ་མིའི་ཀླད་ཆེན་གྱི་འདུས་རྒྱུ་སྨིན་པ་སྟོབས་སུ་གྱུར་པས། དྲན་ཤེས། རྟོག་དཔྱོད། ཡིད་འཛིན་བཅས་སེམས་ཀྱི་ལེགས་ཆ་མཆོག་ཏུ་འཕེལ་ཞིང་མདོག་མཛེས་དབྱིབས་ལེགས་ཀྱི་གཟུངས་པོ་གྲུབ་ནས་དེང་རབས་མི་རུ་གོང་འགྱུར་བྱུང་བ་དང་། དེང་རབས་མི་ཡིས་གཙང་དམེ་གཉིས་འཛིན་གྱི་རིག་ཤེས་རྩལ་ཏུ་བཏོན་ནས་མཛེས་ལེགས་དག་པའི་ཉེར་སྤྱད་དམིགས་སུ་བསྟེན་ཞིང་། བཙོག་རུལ་ངན་པའི་དངོས་པོ་རྒྱང་དུ་དོར་ནས་འཚོ་བ་མཛེས་སྡུག་ཅན་དང་། གཙང་སྦྲ་ཅན་ཞིག་སྤྱོད་ཀྱིན་ཡོད། ཡིན་ཡང་གཙང་དམེ་དབྱེ་འབྱེད་ཀྱི་རིག་ཤེས་ན་མ་སྨིན་པའི་མིའུ་གང་མང་ཞིག་ད་དུང་ཡང“འཕྲོད་བསྟེན་ལོག་འདོར”གྱི་རབ་དབྱེ་ལ་རྨོངས་པའི་ངང་བྱང་ཁའི་བྲག་ལུང་གོལ་བོ་དག་ན་གདོད་སྤྲའི་འཚོ་བར་སྤྱོད་བཞིན་མཆིས་ལ། ལྷག་ཏུ་སྤྱི་ལོའི་དུས་རབས་བདུན་བརྒྱད་ཙམ་ནས་རྒྱ་གར་ནས་གསང་བ་སྔགས་ཀྱི་བསྟན་པ་དར་བ་ནས་བཟུང་གྲུབ་ཐོབ་ཏུ་གྲགས་པའི་ཛོ་ཀིའི་སྤྱོད་པ་ཅན་མང་དུ་སོང་ཞིང་། ཁོང་ཅག་གིས་བརླང་སྤྱོད་དག་སྒྲུབ་དང་། གདོལ་ལུགས་ཚུལ་མཐུན་དུ་སྟོན་ཆེད“ལྟ་བ་དག་མཉམ”དང“སྤྱོད་པ་སྤང་བླངས་བྲལ”བའི་གཞུང་ལུགས་མང་དུ་བརྩམས་ཤིང་། དེ་ལ་གསང་བ་སྔགས་དང་ཐེག་པའི་ཡང་རྩེ་རུ་བསྙད་ནས་ཁྱབ་སྤེལ་བྱས་པས་ཛོ་ཀིའི་སྤྱོད་པར་གཞུང་ལུགས་ཀྱི་རྒྱབ་རྟེན་ཡོད་པར་གྱུར་པ་རེད། གཞུང་ལུགས་དེ་འདྲ་བརྒྱུད་འཛིན་བྱེད་པའི་མི་བརྒྱུད་ལ་གྲུབ་པའི་མིང་འདོགས་བགྱིས་ཏེ།

མཐའ་དེང་སང་ཡང་བོད་དང་ཡ་གླིང་གི་ཡུལ་གྲུ་གཞན་པར་སྤྱོད་པ་འཆོལ་དུ་ཉོག་པའི་གསང་སྔགས་པ་མང་དུ་བདོག་ལ། ཁོང་ཅག་གིས“སྣང་སྲིད་དག་མཉམ་ཆེན་པོ”ཞེས་པ་ལྟ་བུའི་བརྗོད་པ་སྒྲོམ་ཆེན་རེ་ངག་ཏུ་བླངས་ནས་དམེ་འཕྲོག་ལོག་གཡེམ་ལ་འཇུག་ཅིང་། ཤ་ཟ་ཆང་རག་འཐུང་ལ། དུད་འཐེན་སྣ་ཐར་སྤྱོད་པ་སོགས་ལོག་བྱས་གང་ཡོད་ཆོས་སུ་སྨྲ་བཞིན་ཡོད། དེ་ནི་འདོད་ཡོན་ལ་ཞེན་འཁྲིས་སྤོང་ཞིང་གཙང་དག་དཀར་བའི་ཟས་ལ་བག་ཡོད་དུ་སྤྱོད་པའི་དགེ་སྦྱོང་གོ་ཏ་མའི་དངོས་གསུང་བདེན་བཞིའི་ཆོས་དང་ཡོངས་སུ་འགལ་ནའང་།

གསང་སྔགས་ནི་ཤཀ་ཐུབ་ཀྱི་ཡང་ཟབ་མཐར་ཐུག་གི་ལྟ་དགོངས་ཡིན་ཞེས་འདས་པོ་ཁ་མེད་ཀྱི་མགོར་སྙད་འགེལ་ཉེས་འདོགས་བྱས་ཏེ་སྒྲོག་ཅིང་སྤེལ། གང་ལྟར་ཟབ་པ་ཆོས་ཀྱི་དགོངས་པར་བསྙད་ནས་གསོད་གཡེམ་ཤ་ཆང་ལ་རོལ་བའི་ངན་བྱས་ཛོ་ཀིའི་སྤྱོད་པ་འདི་འགྲོ་མིའི་དག་གཙང་ལེགས་འདེམས་ཀྱི་འཚོ་ཚུལ་དང་ཡོངས་སུ་འགལ་བའི་ཁར། ངན་པ་ཁ་དར་ཞིང་གདོལ་བ་རིགས་འཕེལ་བའི་ལས་སུ་བདོག་རྐྱེན་དེང་རབས་སྤྱི་ཚོགས་ཀྱི་མིག་སྔའི་དགོས་བྱ་གལ་ཆེན་ཏེ། འཚོ་བ་དག་སྒྲུབ་ཀྱི་ལང་ཕྱོགས་ངོས་ནས་དགག་རྒོལ་མ་བྱས་ཐབས་མེད་རེད། ལྷག་ཏུ་ཛོ་ཀིའི་སྤྱོད་པ་ཅན་དག་གིས“སྣང་སྲིད་དག་མཉམ་ཆེན་པོ”དང“སྤང་བླང་སྤྲོས་མཚན་མེད་པ”ལྟ་བུ་ཁ་ཆོས་མཐོན་པོ་ཞིག་ཐོད་དུ་ཁྱེར་ནས་གྲོང་མི་མགོ་འཐོམས་གང་མང་ཞིག་ལ་མགོ་གཡོགས་མགོ་བསྐོར་བཏང་ནས་རྒྱུ་ཟ་ཟས་ལེན་བྱེད་ཀྱིན་པ་ཁྲིམས་འདས་ལུགས་མེད་ཀྱི་ལས་སུ་སོང་བས་ཁྲིམས་འཛུགས་ཁྲིམས་སྐྱོང་གི་ལས་ལམ་ངོས་ནས་ཀྱང་གུ་ཡངས་དང་བཟོད་སྒོམ་ཐུབ་པའི་གནས་མ་ཡིན། དོན་ངོ་མར་ཁོང་པ་དག་སྣང་སྲིད་དག་མཉམ་ཆེན་པོའི་ལྟ་བ་མངོན་དུ་གྱུར་ནས་དག་པའི་ལུས་ལ་ཡེ་ཤེས་ཀྱི་ཐུགས་མངའ་བ་ཞིག་ཡིན་ན། སྐྱེ་འཆི་བགྲེས་རྒུད་ཀྱིས་མི་ཚུགས་ཤིང་། འཁྱགས་ལྟོགས་བཀྲེས་སྐོམ་གྱིས་མི་གདུང་བའི་སྣང་སྟོང་སྒྱུ་མིའི་སྐུ་རུ་བཞེངས་བའི། ཟགས་ཁུ་འོག་སྒོ་ནས་མི་ཐོན་ཞིང་འགྲང་བཙོག་ཁ་བུག་ནས་མི་འབུད་པར། ཁ་མིག་ལ་ཡ་ཡོ་མེད་ཅིང་བེམ་གཟུགས་ལ་འཁྱོག་སྒུར་མེད་པའི་མཛེས་རིས་མཁན་གྱིས་ལྷ་བྱད་བྲིས་པ་དེ་ཁོ་ན་བཞིན་ཡོད་འོས་ན། ངོ་མདོག་ནག་ལ་ཁ་མིག་ཡོ། ལུས་པོ་སྒུར་ཞིང་རྟུག་དྲི་ཆེ་བའི་མ་དག་ཐ་མལ་གྱི་ཕུང་པོ་ཞིག་དྲུད་ནས་འགྲོ་བར་ག་ལ་དཔེ། ཡང་གཅིག་བཤད་ན། མཐོང་ན་སྐྱུག་མེར་ཞིང་བཏུད་ན་སྙིང་ང་བའི་མ་དག་གདོས་བཅས་ཀྱི་ཕུང་ཅན་ཞིག་ལ་དག་པ་རྒྱལ་བའི་ཡེ་ཤེས་བརྟེན་པ་རྩ་བའི་རྟགས་ཆོས་ནང་འགལ་བ་མ་ཡིན་ནམ། སྤྱིར་ཡང་སྐྱེ་ཁམས་ཆོས་ཉིད་ཀྱི་བདེན་པས་མི་ཡི་སྐོག་གཟུགས་བེམ་ལུས་ཀྱི་ཡིན་བབ་དང་། ནང་བརྟེན་རྣམ་པར་ཤེས་པའི་གྲུབ་གཤིས་གཉིས་མི་འབྲལ་ངོ་བོ་བདག་གཅིག་ཏུ་འབྲེལ་ནས་ཡོད་པས། ཕྱི་ཡི་ལུས་པོ་དག་པའི་སྐུ་རུ་མི་སངས་བར་ནང་གི་རྣམ་ཤེས་རྒྱལ་བའི་ཐུགས་ལ་ཇི་ལྟར་གནས་འགྱུར་ནས་འགྲོ “ཁོ་བོ་ཅག་ལུས་ཐ་མལ་དུ་གནས་རུང་སེམས་རྣམ་མཁྱེན་དུ་གྱུར་སོང”ཞེས་སྨྲ་བ་ནི་སེམས་དེ་མངོན་རིག་མཐོང་བའི་ཆོས་སུ་མེད་རྐྱེན་རྫུན་རྐུབ་དུས་ཐོག་ཏུ་མི་བརྡོལ་བས་མ་ཡིན་ནམ། གྲུབ་ན་གྲུབ་རྟགས་ལུས་ཀྱི་སྟེང་ནས་སྟོན་དང་། ཁྱོད་ཀྱི་བེམ་ལུས་དེ་ང་དང་ཁོ་ཡི་གཟུགས་ཕུང་དང་མི་འདྲ་བར་གཙང་དག་རྟག་པའི་སྐུ་རུ་འདུག་ན་ད་གཟོད་ཁྱོད་གྲུབ་ཐོབ་ཡིན་པ་ཁས་ལེན་ལ། སྣང་སྲིད་དག་མཉམ་ཡིན་པ་ངས་ཀྱང་སྨྲ། དེ་མིན་མཐོང་བ་ལུས་ཕུང་དེ་དག་རྒྱུ་མེད་པར། མི་མཐོང་སེམས་ཉིད་དེ་གྲོལ་ནས་སོང་ཞེས་སྨྲ་བར་ཡིད་ཆེས་དང་མོས་མཐུན་སུས་ཀྱང་མི་ཐུབ་ལ། འདི་ལྟར་བཤད་དུས་རང་ལུགས་གསང་སྔགས་སུ་སྨྲ་བའི་གཡོ་ཅན་ཁ་ཅིག་གིས“ངེད་ཅག་གྲུབ་ཐོབ་དག་གི་ལུས་ངག་ཡིད་གསུམ་པོ་དག་པ་རྒྱལ་བའི་སྐུ་གསུང་ཐུགས་སུ་གནས་ན་ཡང་ཁྱེད་ཅག་ལས་མ་དག་པས་མི་མཐོང་པ་རེད”ཅེས་གནམ་གྱིས་མི་ཁེབས་ཤིང་ས་ཡིས་མི་ཁྱོགས་པའི་ཟོབ་རྫུན་རྔམ་ཆེན་རེ་ལབ་ངེས་ནའང་། དག་པ་ཟེར་བ་ཀུན་ཀྱི་མཐོང་ཆོས་སུ་དག་ན་དག་པར་བརྩི་རིགས་པ་ལས། མཐོང་བ་མིན་ཡང་དོན་དུ་དག་ཅེས་བཤད་ཆོག་ཚེ་ཁྱོད་འདོད་པའི་མ་དག་ཁྱི་རྒན་རྒྱ་བོ་ཡང་དོན་དུ་དག་ལུགས་ཁྱོད་དང་འདྲ་བ་མ་ཡིན་ནམ། མདོ་རྩ་ཁྱོད་ཉིད་མི་རུ་སྐྱེས་ཕྱིན་འགོག་དང་སྙོམས་འཇུག་གི་འདུ་བྱེད་ལ་ཇི་ལྟར་འབད་རུང་རྟོགས་གྲོལ་དག་པའི་ཡོན་ཏན་ཞིག་སྐྱེས་སུ་ཐོབ་ནས་མི་མིན་མི་ལས་འདས་པའི་དག་པ་རྒྱལ་བའི་སྐྱེ་བར་ནམ་ཡང་འགྱུར་དུ་མེད་དེ། མི་ནི་མི་རུ་བདེན་པ་དངོས་ཁམས་གཉུག་མའི་ཆོས་ཉིད་ཡིན་ཞིང་། ཇི་སྲིད་མི་ལུས་དང་མ་བྲལ་བ་དེ་སྲིད་དུ་སུ་དང་གང་ཡང་མི་དང་མི་ཁོ་ན་ཡིན་པ་ལས་གཟུགས་པོ་མི་ལ་རྣམ་ཤེས་ལྷ་ཡིན་པ་ཞིག་མི་སྲིད་པ་དངོས་པོའི་ཆོས་ཚུལ་ཉིད་ཀྱིས་ཐག་བཅད་པས་དེ་ལས་ལྡོག་པར་སྨྲ་བ་ལོག་གཏམ་རེད།

དེ་བས་ན་གསང་སྔགས་གདོལ་བའི་ཆོས་ལ་རྒྱབ་ཁེན་པའི་མདོག་ངན་ཛོ་ཀིའི་སྤྱོད་པ་ཅན་དག་གིས་ལྐོག་དོན་སྦས་པའི་ཆོས་ལ་ཁ་གཡར་ནས་མི་མགོ་གཡོགས་ཤིང་མི་རྒྱུ་བསླུ་བའི་ལས་ལ་མི་འབད་པར། རང་འགུལ་ཚེགས་བརྟེན་གྱི་འཚོ་ལམ་དང་དུ་བླངས་ན་དགའ་བའི་ཚོད་དེ། ཁྱོད་ཅག་ཅི་སྟེ་གྲུབ་པའི་ས་མཐོར་གཤེགས་ནས་འཁོར་འདས་རོ་མཉམ་དུ་མཐོང་བའི་རྫུ་འཕྲུལ་དང་ནུས་པ་ཅན་ཞིག་ཡིན་ན། ལོག་པར་གཡེམ་ཞིང་ཆང་དུད་ལ་སྤྱོད་པ་ལྟ་བུ་མ་རུང་ཐ་མལ་གྱི་སྤྱོད་པ་འགའ་མིག་ལྟོས་སུ་མ་འཁྱེར་བར། མཁའ་ལ་ཐོགས་མེད་བྱ་ལྟར་འཕུར། ཆུ་ལ་འཇིགས་མེད་ཉ་ལྟར་འཛུལ། ཤི་བ་གསོན་པོར་སློངས། རྒས་པ་གཞོན་པོར་སྒྱུརད། རྨས་པ་སོས་པར་གྱིས། ཟས་མེད་ཏིང་འཛིན་རོ་ཡིས་ལོ་ཟླ་སྐྱོལ། གོས་མེད་གཅེར་བུའི་གཟུགས་ཀྱིས་དགུན་ཟླ་རྒོལད། ཁྱོད་ཅག་གིས་བདེན་ཡོད་ངོས་མཐོང་གི་ཆོས་སུ་སྨྲ་བའི་ཡ་ཀའི་དག་པའི་ཞིང་གི་ལོངས་སྤྱོད་མར་ལ་བསུས། མ་ཀའི་དམྱལ་བའི་ཡུལ་གྱི་བཀོད་པ་ཡར་ལ་བཏོན། ལྷ་འདྲེ་མངོན་དུ་ཁྲིད། གཤེན་ལམ་མཐོང་བའི་ཆོས་སུ་བཟོས་ཏེ་ཤོག་དང་། ད་གཟོད་མི་ལས་འདས་པའི་མི་མིན་གྲུབ་པའི་རིགས་སུ་བརྩི་ཆོག་ཅིང་། མཆོད་བཀུར་བསྟོད་སྤྲིན་རྒྱ་མཚོས་གསོལ་རས་འབུལ་བར་ཡོང་། དེ་མིན་ཆང་འཐུང་ལོག་པར་གཡེམ་པ་ཙམ་ནི་མི་མིན་སྤྲ་སྤྲེལ་དག་གིས་ཀྱང་ཅི་དགོས་སུ་འཇོན་པས་དེ་ག་གྲུབ་པའི་སྤྱོད་པར་སྙམ་པ་ཤིན་ཏུ་འཁྲུལ་ལ། ལྷག་དོན་དེང་སང་ཡང་གཏེར་འབྱིན་གྲུབ་ཐོབ་མིང་གིས་ལོག་པར་འཚོ་བའི་སྐྱ་མིན་སེར་མིན་ཕུང་ཀྲོལ་མཁན། རང་གི་ཟ་ཁ་དང་ཐོབ་སྐལ་གྱི་ཆེད་དུ་རྐུ་དང་རྫུན་ལ་འཛེམ་ང་མེད་ཅིང་། གཡོ་འཕྲུལ་ཁྲམ་པའི་སྤྱོད་པར་མི་ཚེ་གོམས་པའི་གདོལ་རིགས་དག་གིས་ཁ་བ་གངས་རིའི་ལུང་པའི་སྐྱེ་བོ་ཡོངས་ཀྱི་རྐང་འདྲེན་ཞིང་བླ་བཙོང་བའི་ལས་ཀ་ནག་པོ་དག་མ་བྱས་ན་དགེ་བར་སྨྲ་བ་ཡིན།

གཟེངས་བསྟོད།