ཕ་ཡུལ་གྲ་ནང་རྒྱང་ནས་མཇལ་བ།

[ལྷོ་ཁ]ནག་པ།

བོད་ཁམས་ཆེན་པོ་གངས་ཀྱི་ར་བ་རེད། །

གཡུ་རུ་གྲ་ནང་ལྭ་བའི་ཕུ་ཐུང་རེད། །

ཕུ་ཐུང་ཕྲ་ཡང་རིག་པ་དར་ས་རེད། །

གྲ་ནང་ལུང་པ་འཛིན་མའི་རྒྱན་ཆ་རེད། །

སྔོན་ཚེ་ཡར་ཀླུང་གཞུང་གི་འབྲུ་རིགས་དང་། །

དེ་ནས་རྒྱ་དཀར་ཆོས་དང་རྒྱ་ནག་ཇ། །

ནུབ་གླིང་ཚན་རྩལ་ནང་དུ་འདྲེན་པ་ལ། །

འ་བུའི་དཀའ་སྤྱད་ལག་ཤེས་མེེད་ཐབས་མེད། །

འཇིག་རྟེན་འདི་ན་སྐྱིད་གླུ་ལེན་ན་འདྲ། །
ཡང་ན་མི་འདོད་སྡུག་གཏམ་གླེང་ན་འདྲ། །
བདེ་སྡུག་འཚོ་བའི་ཆང་སྐྱེམས་འདེགས་པ་ལ། །
མེད་ཐབས་མེད་པ་གྲ་དཀར་ཡོལ་ཀོ་ཡིན། །

ཤེས་རིག་ལོ་རྒྱུས་ཆུ་རྒྱུན་རིང་བ་དང་། །

ཕུན་ཚོགས་འབྱོར་པ་རི་བཞིན་མཐོ་ན་ཡང་། །

སེམས་ཀྱི་བདེ་བ་སེམས་ཀྱིས་མྱོང་བ་ལ། །

མེད་ཐབས་མེད་པ་གྲ་དུང་སྙན་འགྱུར་ཡིན། །

དཀར་གསལ་ཉི་ཟླ་འོད་ཀྱི་གོང་ཁ་དང་། །

དྭངས་གཙང་ཡིད་འོང་ས་ཡི་བརླན་བཅུད་སོགས། །

རང་བྱུང་ཕུན་ཚོགས་སྔར་གྱི་ལས་བསོད་ལ། །

མེད་ཐབས་མེད་པ་གྲ་ནང་ཕྲུགས་འཇམ་ཡིན། །

རྡོ་བཟོ་ཤིང་བཟོ་མཁར་ལས་བྱེད་ལ་མཁོ། །

འཚེམ་བཟོ་འཐག་བཟོ་ཞོར་ལས་གཉེར་ལ་མཁོ། །

ངག་བཟོ་ཡིད་བཟོ་རྒྱལ་ཁམས་ལས་ཀུན་ལ། །

འཚོ་ནམ་མ་འཁྱོངས་སྤྲེའུ་གར་རྩེད་རེད། །

མཁས་པ་མི་གསུམ་གྲ་ནང་ཨ་ཕ་རེད། །

སྐྱེས་ཆེན་བཅུ་གསུམ་གྲ་ནང་ཨ་མ་རེད། །

ལས་ལ་བརྩོན་པའི་གྲ་ནང་འ་བུ་ལ། །

མེད་ཐབས་མེད་པ་རང་བཀུར་ལ་རྒྱ་རེད། །

བསམ་ཡས་དགོན་པ་བོད་ཀྱི་ཆེ་བ་རེད། །

སྒྲ་བསྒྱུར་སློབ་གླིང་འ་བུའི་བློ་དཀྱེལ་རེད། །

འོག་མིན་སྨིན་གླིང་ལུགས་གཉིས་དར་ས་རེད། །

ཐ་སྙད་རིག་གནས་འ་བུའི་འཚོ་རྟེན་རེད། །

ཞིང་འབྲོག་ཐོན་ཁུངས་དབུལ་བ་དབུལ་བ་མིན། །

དཔྱོད་པའི་བློ་གྲོས་དབུལ་ན་དབུལ་བ་ཡིན། །

རྣམ་དཔྱོད་ཡངས་པའི་གྲ་ནང་འ་བུ་ལ། །

ཀུན་དགའི་ལག་ཤེས་ལྡན་པ་ཨ་ལ་ལ། །

ཡུལ་ལུང་ས་རྒྱ་ཆུང་བ་ཆུང་བ་མིན། །

རང་སྟོབས་བློ་རྒྱ་ཆུང་ན་ཆུང་བ་ཡིན། །

རང་ཚོད་ཟིན་པའི་གྲ་ནང་འ་བུ་རྣམས། །

རྒྱལ་ཁམས་འགྲིམས་པ་སྲིད་པའི་མིག་རྒྱང་ཡིན། །

སྒོང་རྡོག་ཕྱེད་ཀྱིས་ལྷ་ས་བསྐོར་བ་དང་། །

གཙང་ཆུང་གླིང་གི་རྟ་ལས་བོང་བུ་མགྱོགས། །

ཕལ་པའི་རྣ་བར་སྙན་པོ་མེད་ན་ཡང་། །

འཚོ་སྲིད་འཛིན་པ་འ་བུའི་ལ་རྒྱ་ཡིན། །

ལྷུག་ལྷུག་སྲིད་ཇུས་སྒོ་གླེགས་ཕྱེ་བ་ཡིས། །

ལོང་ལོང་སློབ་གསོའི་རྦ་རླབས་དགུང་ལ་འཕྱུར། །

མང་མང་ཤེས་ལྡན་མི་སྣ་སྐར་ཚོགས་བཞིན། །

སྡུག་སྡུག་བོད་ཁམས་ཁྱོན་ན་འཆར་ཞིང་འཛུམ། །

ལས་འབྲས་ཆུ་མོ་རྙོག་པ་འོས་མིན་ལ། །

འཚོ་ནམ་གཞན་འབར་བརྟེན་པ་དེ་བས་མིན། །

དུས་མེད་རང་གི་ལག་ཟུང་ལེགས་བཀོལ་བའི། །

གྲ་ནང་ཕུ་ནུར་སྙིང་ནས་གུས་པ་སྐྱེ། །

ཁྱད་པར་ཟོག་པོའི་རྫུན་གྱིས་འཁྱུད་མོ་ཡི། །

ཟོ་ཆུན་བསྐོར་བའི་དུས་ཀྱི་ག་ཤེད་ན། །

ཡུལ་བབས་ཆུ་འཐག་རྫ་སོ་ཚུན་ཆད་ཀྱི། །

ཕ་སྲོལ་འཛིན་མཁས་འ་བུའི་གཤིས་འདིར་གུས། །

འདི་སྐད་ཕ་ཡུལ་གྲ་ནང་རིག་འབྱུང་གི། །

ཆེ་བ་ཅུང་ཟད་ཁོང་ནས་འབྱིན་པ་ཡིས། །

བློ་གསལ་གཞོན་ནུའི་ཡི་ག་མགུ་བ་དང་། །

ཕ་ཡུལ་དབུ་འཕང་མི་འགྱུར་མཐོན་པོར་ཤོག །