ཕ་ཡུལ་གྱི་སྙན་ངག་པ་ཞིག་ལ།

ལྷའི་ཁ་བ།

ལས་དབང་དང་སྟེས་དབང་ཞིག་གིས།

ཁྱོད་ཀྱི་རྨི་ལམ་གྱི་རྟ་ཕོ་འདི་ནས་འཚེར་ཞིང་།

འདི་ལ་ཞེན་ཆགས་དང་རྟེན་འབྲེལ་གྱི་གཡང་སྣ་འཛོམས།

དོན་དུ་ཁྱོད་ནི་ཕ་ཡུལ་གྱི་འོད་སྣང་ཞིག་སྟེ།

མི་རིགས་ལ་སྙིང་ཁྲག་འདྲིས་པའི་སྲོག་སྡོང་ཞིག

ཁྱོད་ཀྱིས་ཕ་ཡུལ་ལ་སྨྱུག་ཁ་ཕྱོགས་ཤིང་།

རྒྱུ་འབྲས་ལ་དཔུང་བ་གཡར།

ཁྱོད་ཀྱི་བློ་སྤོབས་དང་ལྷག་བསམ།

ད་དུང་། ཕ་ཡུལ་ལ་ཕུལ་བས་ལོ་ཟླ་དང་སྙན་ངག་རེ་རེ།

སུས་ཀྱང་ཡིད་ངོར་ནས་ཡལ་སོང་བ་མ་ཡིན་ལ།

ཁྱོད་ལ་དེ་འདྲའི་གཟི་བརྗིད་དང་འཇོན་ཐང་མེད་པ་དེ་བས་ཀྱང་མ་ཡིན།

ང་ཚོའི་ཕ་ཡུལ་ནི་མུན་པའི་མཚན་ལམ་ནས་བཞེངས་ཤིང་།

ང་ཚོའི་གཉེན་ཉེའང་མུན་པའི་མཚན་ལམ་ལ་འཁྱམ།

ཁྱོད་ཀྱིས་ཕ་ཡུལ་ལ་རེ་བ་བཅོལ་ཞིང་།

ཕ་ཡུལ་གྱི་ཚོར་བའི་ཕྱི་ནང་གྱེར།

ངའི་ཁྱོད་ལ་ཕ་ཡུལ་གྱི་ཚབ་བྱས་ནས་བཀའ་དྲིན་ཞུ།

མ་ཟད།

དུས་དེ་ནས་བཟུང་ངས་ཁྱོད་ལ་ཡིན་སྨོན་བྱེད་མྱོང་ལ།

དུས་དེ་ནས་བཟུང་ངས་ཁྱོད་ལ་རྒྱབ་སྐྱོར་བྱེད་མྱོང་།

མི་ཡུལ་གྱི་སྟོན་འགོ་མ།

སྤང་རྒྱན་དཀར་པོ།

སྟོན་འགོ་མའི་ནང་། ཁྱེད་ནི་འབྲུ་དྲུག་དང་མཉམ་དུ་སྐྱེས་བྱུང་། མེ་ཏོག་དང་ལྷན་དུ་དགོད་བྱུང་། ཆར་བ་དང་མཉམ་དུ་ངུས་བྱུང་། དེ་ནི་མི་ཡུལ་ལ་ཆེས་ཐོག་མར་ལང་ཚོ་གཙང་མ་ཞིག་གི་ལྟེ་ཁྲག་འཕོས་པས་རེད།

སྟོན་འགོ་མའི་ནང་། ཁྱེད་ནི་ཟེའུ་འབྲུ་དང་དཀྱུས་གཅིག་ཏུ་སྨིན་བྱུང་། ཁྲུང་ཁྲུང་དང་སྟར་གཅིག་ཏུ་འཕུར་སོང་། རྩེད་འཇོ་དང་ངོས་གཅིག་ཏུ་འདྲེས་ཡོད། དེ་ནི་མི་ཡུལ་དུ་ཆེས་ཐོག་མར་ནར་སོན་པའི་རྐང་རྗེས་བཞག་པས་རེད།

སྟོན་འགོ་མའི་ནང་། ཁྱེད་ནི་ཤེས་རིག་གི་བླ་སྲོག་ཏུ་ཟུག་ཡོད། བརྩེ་དུང་གི་འཆིང་བ་རུ་སྡོམ་ཡོད། འཚོ་གཞིས་ཀྱི་ཚེ་སྲོག་ཏུ་གསོན་ཡོད། དེ་ནི་མི་ཡུལ་དུ་ཆེས་ཐོག་མར་བརྩིས་པའི་མི་ལོ་ཉི་ཤུའི་གྲངས་ཀ་རེད།

༢༠༡༧/༩/༣ མཚན་མོར་དཀོན་མཆོག་སྐྱབས་ཀྱིས་སློབ་གྲོགས་མེ་སྲས་ལགས་ཀྱི་སྐྱེས་སྐར་ལེགས་སྐྱེས་སུ་ཆེད་དུ་ཕུལ་བའོ།།

སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས།

འཚོལ།

དོ་ཞག་ཁྱོད་རང་གང་དུ་བསྡད་ཡོད།།

དེ་ཡི་ནམ་མཁའ་ཅི་འདྲ་ཞིག་རེད།།

ས་ཆ་དེ་ནས་སུ་ཞིག་དྲན་འོང་།།

སྣང་བའི་ཁམས་ནས་སུ་ཞིག་ངུས་སོང་།།

སང་ཉིན་ཁྱོད་རང་གང་ལ་བཞུད་འགྲོ།།

ལམ་ཁ་དེ་ནས་སྨྲེང་བ་ཟ་འམ།།

ཞེ་མཐུན་ཆུང་འདྲེས་ཡིད་ལ་འཁོར་ན།།

སྙིང་གི་འཕར་སྒྲ་རང་གིས་ཐོས་སམ།།

གལ་ཏེ་གདུང་བ་ལྷོག་ལྷོག་གདུ་ན།།

དམར་པོ་བྲག་ལ་ཁེར་ལབ་མ་བྱེད།།

སྲ་བརྟན་རི་བོ་སེམས་ནི་མེད་ཀྱང་།།

བྲག་ཐོག་བྱ་རྒོད་སྐྱོ་བའི་བཟི་འགྲོ།།

དྲན་གི་ཞེས་ནས་བཤད་ན་ཆོག་གི །།

སྨྲེང་གི་ཞེས་ནས་ངུས་ཀྱང་ཆོག་གི།།

སྙིང་ཆུང་བུམ་པའི་ནང་གི་གཟུགས་དེ།།

མི་ཚེའི་འཚོ་བར་གཤིབ་ནས་འགྲོ་འོ།།

འཇིག་རྟེན་སྣང་བ་ག་རེ་ཡིན་ཀྱང་།།

མཐུན་པའི་སྲོག་གི་འདང་རྩེ་ཡོད་ན།།

ནམ་འཁའ་འདི་ནི་འུ་གཉིས་གོས་ལྭ།།

ས་གཞི་འདི་ནི་འུ་གཉིས་ས་གཞི།།

བརྩེ་བ་འདི་ཡི་གཏིང་ཀྱི་གཏིང་ལ།།

འདང་གི་གཤིས་ཤིག་སེམས་ཀྱིས་ཞོག་དང་།།

ཚེ་ཡི་སྒྲོན་མེ་མ་གཟིམ་པར་དུ།།

སྙིང་དང་གློ་བའི་འདང་ཞིག་ཁྱོ་འཇོག།།

བཀྲ་ཤིས་པའི་རྫས།

ཕ་དམ་པ།

ཁྱོད་ཀྱི་སྐྱེས་སྐར་ཉིན་ཁྱོད་རང་ཉིད་ལས་ཀྱང་གལ་ཆེ་བ་ཞིག་དྲན་འོས། ཁྱོད་རང་སྐྱེ་དུས་ཨ་མས་སྨན་ཁེབ་བུ་གང་ཙམ་ཡང་འཐུང་རྒྱུ་རྙེད་མེད། ཁྱོད་རང་སྐྱེ་དུས་ཨ་མར་ཉིན་གཅིག་ཙམ་ལས་ངལ་གསོ་ཁོམ་བྱུང་མེད།

སྤྱིར་བཏང་ཨ་མ་ལགས་ལ་ད་ལྟའི་བར་དུ་གཟའ་ཉི་མའི་གུང་སེང་ཟེར་བ་ཞིག་ཡོད་མ་མྱོང་།

དེ་ལས་ཀྱང་བློ་ཡུལ་ལས་འདས་པ་ཞིག་ནི་ཨ་མས་ཁྱོད་རང་སྐྱེ་བའི་ཉིན་མོ་ལ་དེ་ཙམ་དོ་སྣང་བྱེད་མི་སྲིད་དེ། ཨ་མར་མཚོན་ན་ཁྱོད་གསོན་བསྡད་པ་དེས་ཡིད་ཚིམ་ཡོད།

འདི་ལ་བརྩེ་བ་ཟེར།

གྲོགས་མེ་སྲས་ཀྱི་སྐྱེས་སྐར་བསུ།

གྲོགས་ཀྱི་འཁྲུངས་སྐར་བསུ།

ཁ་བ་བཀྲ་ཤིས་ནས།

སྲིད་པའི་ལུང་མདོར་ངུ་སྐད་གྲགས་པ་ནས།།

དབྱངས་གསལ་བོད་ཀྱི་སྐེ་རྒྱན་འཕྱོར་གྱིས་བཏགས།།

གཞན་ཡིག་རྒྱན་གྱི་སྐད་གདངས་ལུ་ལུ་བྱས།།

འཚོ་བའི་མེ་ལོང་ནང་དུ་རང་ལ་ཅེར།།

གྲིབ་མ་ནག་རིས་གན་དང་ཁ་དན་དུ།།

རི་སུལ་ཅིག་གི་གནས་སུ་ནར་སོན་སྟེ།།

ཤ་དང་རུས་པའི་བརྩེ་བ་དམར་པོ་ཞིག།

མི་ཚེ་ཟོས་ཀྱི་ཐོག་མར་ཁ་མྱང་བཏགས།།

ལང་ཚོའི་མེ་ཏོག་ཅིག་གི་ཚབ་ཏུ་ཕུལ།།

བརྩེ་གདུང་མཆི་མས་ལམ་འཇུག་ཐེངས་ཤིག་བྱས།།

ནང་སེམས་དམར་པོའི་ངུ་སྐད་ཁོག་ཏུ་བཅུག།

འཚོ་བ་ཟེར་བའི་ཐ་སྙད་འདི་བཟུང་སྟེ།།

གྲོགས་པོ་ཟེར་བའི་དོན་གྱི་སེམས་དན་དུ།།

ལན་གྲུ་ཡུལ་ནས་གྲོགས་པོ་ཁྱོད་ལ་བྲིས།།

བདག་དང་ཁ་ཕྱོགས་གཅིག་པའི་གྲོགས་བཟང་ལགས།།

ཤེས་རིག་ཡོན་ཏན་འཛོམས་པའི་གྲོགས་བཟང་ལགས།།

སྐད་ཡིག་སྲོག་ལྟར་གཅེས་མཁན་གྲོགས་བཟང་ལགས།།

གྲོགས་བཟང་མེ་སྲས་ཁྱེད་ཀྱིས་སྐྱེས་སྐར་བསུ།།

ཁམས་བྲག་དཀར་ནས།

ཨ་མ་མ་ལོའི་བརྩེ་བའི་པང་ནས།།

ཡིད་འོང་མེ་ཏོག་གསར་དུ་བཞད་ཉིན།།

དགའ་འབུམ་སྟོང་གིས་ཐལ་སྒྲ་དེ་ལ།།

རེ་བ་འབུམ་གྱི་ཡིད་ཆེས་བཞད་ཡོད།།

སྐྱེ་བའི་རྟེན་འབྲེལ་ཡིད་འོང་མེ་ཏོག།

ཁྱེད་ལ་ཕུལ་ཡོད་བཀྲ་ཤིས་བདེ་ལེགས།།

བྲག་སྤྲེལ་ཚ་ནས།

སྟོན་ཟླ་མཐོང་།

ཆུ་ཤེལ་ལ་གྲུབ་རླུང་བུའི་ཁུགས་སོ་རུ།།

གནམ་གྱི་རྒྱལ་མོས་ཅི་ཡང་བསྐྲུན་ཏེ་དེར།།

རུས་རྐང་ཁ་བས་བཙེམས་པའི་རུ་བ་ཅན།།

གནམ་སའི་ཧྲག་བར་ཕྱེ་ནས་ཁ་སང་འདས།།

རིགས་ལ་གཤོག་པ་ཐོགས་པའི་ཉིན་མོར་དེར།།

ཉི་ཟླའི་གོ་ལར་བསྐོར་ཡང་ཅིས་མི་ཆོག།

ས་ཆེན་དུ་སྨག་གིས་ཟོས་པའི་ལོ་ཟླ་ལ།།

གངས་རིའི་མགུལ་རྒྱན་སྒྲོན་ན་དེ་ག་ཡིན།།

རྫ་ཆུའི་དར་དཀར་ཁ་ཡི་ངང་ཆུང་ཚོ།།

མགྲིན་པའི་རྫ་རྔ་འཁྲོལ་བའི་རྣམ་ཤེས་དང་།།

ས་ཆེན་སེམས་ཀྱིས་འཚོ་བའི་རི་གྲོང་ནས།།

ཡིད་འོང་སྟོན་ཟླ་མཐོང་བའི་རྟེན་འབྲེལ་ཡོད།།

འཕྲིན་གྲོགས་མེ་སྲས་ཀྱི་བསམ་དོན་ཐམས་ཅད་འགྲུབ་པའི་རྟེན་འབྲེལ་དུ།

སྐྱེས་སྐར་ཀྱི་སྨོན་ཚིག་འདི་འབྲོང་རི་ལྡོམ་གྱིས་ཤར་མར་བྲིས།

སྐྱེས་སྐར་བསུ།

ཤ་འོད།

ཞོགས་སྤྲིན་འཐུ་བར་བྲེལ་བའི་སྙིང་ཉེ་བའི་མེ་ཏོག་ལགས། མདང་ནུབ་མཚན་གང་བོར་འབབ་པའི་⛈་ལ་གཟན་པ་ཨེ་བྱུང་།ངལ་དུབ་ཀྱིས་བཟོས་པའི་💦་རེ་རེ།སྐྱོ་མངར་གྱིས་གྲུབ་པའི་[流泪]རེ་རེ། ཧ་ཅང་བབ་ཆགས་པའི་🎵🎶དེའི་ཁ་རྒྱན་བྱས་པ་བདེན་ནམ། 👓ཞིག་བདག་ལ་གཡར་ན་ཆོག་གམ།བདག་གི་👀གིས་ཅི་ཡང་མི་མཐོང་བར་གྱུར་སོང་། བདག་གི་[微笑]ཡལ་སོང་། 🦋དྲན་སོང་། ཟླ་དགུ་བའི་[玫瑰]མཇལ་འདོད་ཆེ་སོང་། སྙིང་ཉེ་བའི་🍷དེ་དྲན་པའི་སྒོ་མོར་འཛུལ་བྱུང་། ད་ནི་གཞན་ཅི་ཡང་ནི་མི་ལབ་པར་[蛋糕]འདི་གྲོགས་པོ་ཁྱོད་ལ་ཕུལ། དགེ་རྒན་ཁྱེད་ལ་མཆོད།🎉🎉🎉🎁[红包]🎁🎉🎉🎉

མེ་སྲས་ཀྱིས་སྐྱེས་སྐར།

འོད་གསེར་སྨྱུག(རྫ་ཆུ་ཁ་བ)

རང་བཞིན་བརྗོད་ཐབས་བྲལ་བའི་སེམས་ཚོར་འདི།།

གྲོགས་དང་ལྷན་དུ་བརྗོད་ན་དགའ་བོ་ཡོད།།

གྲོགས་པོ་ཁྱོད་དང་འཕྲད་པ་མང་མང་ནས།།

སྐད་ཆ་ལབ་ནས་སྒྱུ་རྩལ་བརྗེད་སོང་ཟིག།

དགའ་བ་འབུམ་གྱིས་བསུ་བའི་སློབ་གྲོགས་མང་།།

ཚོར་སྣང་ཡིག་ཐོག་ཕབས་པའི་རྩོམ་གྲོགས་མང་།།

གྲོགས་ཀྱི་སྙིང་གཏམ་དྲོད་མོ་བརྗོད་པར་དགའ།།

ང་ནི་ཁྱེད་ལ་དགའ་བའི་གྲོགས་ཞིག་ཡིན།།

མི་རབས་ཅིག་གི་ལོ་རྒྱུས་བཤད་འཚམས་འཇོག།

སྙན་དེབ་ཅིག་གི་ཀློག་འཚམས་འདི་ནས་འཇོག།

ཚོར་སྣང་སྐྱ་བོར་རོལ་འཚམས་འདི་ནས་འཇོག།

ཁྱེད་དང་ལྷན་དུ་དགའ་བའི་སྐྱེས་སྐར་རོལ།།

༩/༤ཉིན་སེར་ཤུལ་ཇ་ཁང་ནས་གྲུབ།

སྨོན་ཚིག

བརྩེ་བ་དགོད

ལས་ལ་བཏབ་པའི་འབྲས་བཟང་ལེགས་པ་ཡིས།།

གསོ་རིག་དགོས་འབྱུང་པདྨོའི་སྐྱེད་ཚལ་ནས།།

ཉམས་མྱོང་ལག་ལེན་རིག་པའི་མེ་ཏོག་གི།

མྱང་བཅུད་ལེན་ཁྱོད་གྲོགས་དང་ལྷན་ཏུ་འཕྲད།།

དེང་རབས་མི་སེམས་སྒྱུ་མའི་འཕྲུལ་ལ་མཁས།།

རང་ཚུགས་སྲོག་གི་ཀ་བ་ཁོག་སྟོངས་ཡིན།།

གཅེས་བའི་གྲོགས་ཁྱོད་དེ་དང་མི་འདྲ་བར།།

ཕ་སྐད་བླ་སྲོག་སྲུང་བའི་རྟོག་གེ་བ།།

ཐུབ་པའི་དབང་བོའི་རྗེས་འཇུག་མ་ནོར་བར།།

བསྟན་པའི་འགྲོ་དྲུག་ཕྱོགས་རིས་མ་ཆད་པར།།

དྲང་བའི་མི་ལ་གཡོ་སྒྱུའི་གུག་མེད་པར།།

གངས་ཕྲུག་བསམ་དོན་ལྷུན་གྱིས་འགྲུབ་པར་སྨོན།།

སྐལ་ལྡན་རྗེས་འཛིན་གསོ་རིག་རྒྱ་མཚོའི་གཏེར།།

བློ་སྦྱོངས་བརྩོན་པའི་གཡོར་གྲུ་མ་བཏང་ན།།

རིག་ལམ་ལག་ལེན་ཕྱོགས་སྟོན་སྒྲོན་མེ་ཡིས།།

གྲོགས་ཁྱོད་ཡང་དག་མཁས་པའི་ལམ་ཐོབ་ཤོག

ཞེས་གྲོགས་དམ་པའི་སྐྱེས་སྐར་ལ་རྟེན་འབྲེལ་གྱི་ཞུ་ཚིག་ཤིག་གུས་པའི་སྦྱར་བ་དགེའོ།

སྐྱེས་སྐར་བསུ།

ཁྱེད་ཀྱི་སྐྱེས་སྐར་ལ།།

ཁ་བཏགས་ལེགས་སྐྱེས་ཤིག།

སེམས་ནས་འབུལ་འདོད་ཡོད།།

འོན་ཀྱང་དོན་དག་འགས།།

ཁོ་བོ་མ་ཐོན་ཐལ།།

ཡིན་ཡང་སེམས་འདུན་ཞིག།

སྐུད་མེད་གློག་ལམ་ལ།།

ད་ལྟ་འཇོག་བཞིན་ཡོད།།

ན་གཞོན་ཡིན་དུས་རེད།།

ལང་ཚོ་དར་དུས་རེད།།

སྣང་བ་མཐོ་དུས་རེད།།

སྐྱེས་སྐར་སྐྱིད་པོ་རོལ།།

མི་ཚེ་ཐུང་ནི་རེད།།

སྐྱིད་སྡུག་མང་ནི་རེད།།

འཚོ་བ་སྐྱིད་པོ་ཞིག།

ལྷོད་མེད་འབད་བརྩོན་གནོངས།།

གོ་སྐབས་དཀོན་ནི་རེད།།

ངེས་པར་དམ་འཛིན་དགོས།།

རང་ལ་འཐོབ་པ་ཞིག།

རྟག་ཏུ་གཅེས་སྐྱོང་མཛོད།།

གང་དྲན་གཏམ་ཉོག་མིན།།

གྲོགས་པོའི་སེམས་གཏམ་ཡིན།།

མི་ཚེ་ཐེངས་གཅིག་ལ།།

རྩོམ་གྲོགས་བཟང་པོ་ཡིན།།

ཞེས་ཉིད་ཀྱི་གྲོགས་པོ་དྲྭ་མིང་ལ་ཚིག་ཇ་ནག་པོ་འབོད་པ་དེས་ཁ་བཏགས་ལེགས་སྐྱེས་ཤིག་གི་འཚབ་ཏུ་བྲིས་པ་ཡིན།

2017/9/4

སློབ་གྲོགས་མེ་སྲས་ཀྱི་སྐྱེས་སྐར་ལ་ཕུལ།

ཅུང་ཟད་ནག་ཉམས་དོད་པའི་ཁྱོད་རང་གི་ཞལ་རས།།

སྨུག་པོ་གདོང་ནས་མཆེད་པའི་རིགས་རུས་ཀྱི་དན་རྟགས།།

སློབ་ཁང་གྲུ་བཞི་དེ་རུ་བརྩེ་འཕྲིན་རེ་འབྲི་ཞོར།།

སྐབས་རེ་ཁུ་སིམ་ངང་ནས་སུ་ཞིག་ལ་ཧད་ཡོད།།

ཕ་མ་འདྲ་བའི་དགེ་རྒན་དྲིན་ཆེན་ཚོའི་མདུན་ནས།།

ཕུ་ནུ་འདྲ་བའི་འུ་ཅག་ཕན་ཚུན་གྱི་མཛའ་བརྩེ།།

ད་སྐབས་དྲན་ན་སེམས་ཀྱི་དྲོད་ཐིག་དེ་ཡིན་ལ།།

རེ་བའི་སྤོབས་པ་སློབ་གྲོགས་ཁྱེད་ཚོ་ལ་བཅོལ་ཡོད།།

དེ་རིང་ཁྱོད་ཉིད་མི་ཡུལ་དཀར་ངོགས་དང་མཇལ་ནས།།

ཨ་མའི་ནུ་ཞོ་ཐོག་མར་འཐུང་ཉིན་དེ་ཡིན་ལ།།

ལྟེ་ཁྲག་དམར་པོ་ས་འཛིན་བུ་མོ་ལ་མཆོད་དེ།།

མི་ཡུལ་འདི་རུ་འགྲོན་པོ་ཡོང་ཉིན་གྱི་ཐོག་མ།།

མང་པོ་བཤད་པའི་ཐ་སྙད་མཐུག་པོ་ནི་མེད་ལ།།

ངོ་བསྟོད་ཁོ་ནའི་ངོ་སོ་བསྲུང་འདོད་རང་མེད་པས།།

འཁྱམས་པོ་གཡུ་ཚ་ང་ཡིས་ཁྱོད་ཉིད་ལ་ཕུལ་བས།།

སྐྱེས་སྐར་སྨོན་ཚིག་དེ་ནི་ཐད་ཀར་གྱི་ཚིག་ཡིན།།

ད་སྐབས་ཁྱེད་ཡང་དགེ་རྒན་ལས་གནས་སུ་ཕེབས་ཡོད།།

བུ་སློབ་སྐར་ཚོགས་ལྟ་བུ་གྲངས་མང་གིས་བསྐོར་ཡོད།།

མི་ལ་རྣམ་ཤེས་བསྐྲུན་པས་སློབ་གསོ་ཡི་བདག་པོ།།

མཛད་པའི་འཕྲིན་ལས་དབྱར་གྱི་མཚོ་ཆེན་བཞིན་རྒྱས་ཤོག།

དཀའ་ངལ་ཅི་འཕྲད་དེ་ལ་གདོང་ལེན་རེ་བྱོས་ལ།།

སློབ་གསོའི་ནོར་གྱིས་གཅེས་ཕྲུག་གང་མང་ཞིག་སྐྱོངས་ཤོག།

འབྱུང་འགྱུར་འཚོ་བྱེད་པ་ཞེས་ཐ་སྙད་ཀྱི་ཡང་རྩེ།།

གོ་ལའི་རྩེ་ནས་སྒྲོན་ཤོག་ཕ་བཟང་གི་བུ་ལོ།།

ཅི་བཞིན་འདོད་པ་དེ་ཉིད་དེ་བཞིན་དུ་འགྲུབ་པས།།

སྨོན་ཚིག་ཅི་ཡོད་སེམས་ཀྱི་གཏིང་རིམ་ན་གསལ་ཡོད།།

མདོར་ན་ཁྱེད་ཉིད་འཇིག་རྟེན་མི་ཡུལ་དུ་ཡོང་བ།།

ཕལ་བའི་དོན་ཞིག་མིན་པས་ཡིད་ཆེས་དེ་བརྟན་ནོ།།

ཞེས་སློབ་གྲོགས་གཡུ་ཚས་སོག་ཤོད་ས་ཡི་ཐིག་ལེ་ནས་གྲོགས་མེ་སྲས་ཀྱི་སྐྱེས་སྐར་ལ་ཕུལ།

མེ་སྲས་ཀྱི་འཁྲུངས་སྐར་ལ་བྲིས།

བྲག་ཚྭ།

ཚེ་རིང་ལོ་བརྒྱའི་དར་ལྕོག་ཅིག

མཁའ་དབྱིངས་ནས་བཤམ་ཡོད།

དར་ལྕོག་དེའི་ཁྱོད་ཀྱི་མི་ཚེ་འོད་སྟོང་གིས

ཕྱུག་པར་རེ་སྨོན་བྱས་ཡོད།

སྙན་ངག་གི་མཁའ་དབྱིངས་ལ་འཛེགས་ཐུབ་པར་སྨོན

ནམ་ཞིག་འཆི་བ་ནི་སྐྱེས་བས་ཡིན།

སྨྲེ་ངག་དང་འཇིགས་སྣང་ཙེ་གུར་བྱས།

ལོ་ཟླ་བར་མེད་བཞུར་བའི་ཁྲོད

ཁྱོད་ཀྱི་མི་ཚེ་དགའ་བ་འབུམ་ཕྲག་གིས་གང་བར་ཤོག

ཉི་འོད་ཀྱིས་རྒྱས་པའི་མེ་ཏོག་བཞིན

མདུན་ལམ་ཤེས་རིག་གི་རྒྱན་ཆས་ཕྱུག་པར་སྨོན།

2017/9/4

གྲོགས་མེ་སྲས་ཀྱི་སྐྱེས་སྐར་བསུ།

དྷཱིཿརང་གྲོལ།

དེ་རིང་སྔོ་བསངས་ཀྱི་ལྷ་ལམ་ནས

སྤྲིན་དཀར་གྱི་ཕུང་བོ་དག་དལ་བུར་ལྷོ་ལ་རྒྱུ་བཞིན་འདུག

དྭངས་ཤིང་གཙང་བའི་ཆར་སིམ་ཞིག་ཀྱང་ཟིམ་ཟིམ་འབབ་ཀྱིན་འདུག

ཁུ་བྱུག་གི་གསུང་དབྱངས་ཡལ་ཞིང་སྡོང་མགོ་ཡི་ལོ་མ་ཟག་ན

ཚེ་མི་རྟག་པའི་ངང་ཚུལ་ཡིན་འགྲོ

དེ་ཡང་ཁྱེད་ཉིད་འཇིག་རྟེན་འདིར་ཐོག་མ་མགྲོན་དུ

སླེབ་པའི་དུས་ཚིགས་འདིའང་འཇིག་རྟེན་འདི་དང་ཁ་བྲལ་

རྒྱུ་ཡོད་ཅེས་པའི་སྔོན་བརྡ་མ་ཡིན་ནམ།

ཨ་ལ་ཀུ་རེ་ཡིན་གྲོགས་ལགས

ཚོར་བའི་མེ་ལྕེ་ལ་སྙན་ངག་གི་སྨན་བསང་ཞིག་སྲེག་སྟེ

ཤེས་རིག་གི་གུར་ཁྱིམ་ལ་རྒྱུད་དྲུག་གི་དབྱངས་རྟ་ཞིག་འཐེན་ནས་

ཁྱེད་ལ་དངར་སྐྱུར་འདྲེས་མའི་སྤྲི་གོར་ཞིག་གྲ་སྒྲིག་གྱིས་ཡོད

ཕེབས་ཏེ་ཤོག

གཙང་ངོགས་ལ་རྒྱུ་བའི་དངུལ་དཀར་གྱི་ཟླ་བ་དེ་དང་

ལྷའི་རྫིང་རིང་དུ་བཞད་པའི་སྐར་ཚོགས་མང་པོ་ཞིག་

ཤོག་ཐུམ་ཞིག་ཏུ་བླུགས་ཏེ་ཁྱེད་ལ་ལེགས་སྐྱེས་སུ་ཕུལ་རྩིས་ཡོད།

2017/09/04ཉིན་གྲུབ།

སློབ་གྲོགས་ཐུབ་བློ་གསལ་གྱི་སྐྱེས་སྐར་ལ།

ཐུབ་ཆོས་རྒྱལ།

དེ་རིང་ནི་ཁྱེད་ཉིད་མི་ཡུལ་ཡོང་བའི་ཉིན་མོ་རེད།

དེ་རིང་ནི་ཁྱེད་ཀྱིས་བྱ་བ་གང་ཞིག་བསྒྲུབ་ནས་དེ་ཡི་གྲུབ་འབྲས་ལ་ཕྱིར་མིག་འཕེན་པའི་ཉིན་མོ་ཞིག་ཀྱང་རེད།

དེ་བས་ཁྱོད་ལ་སྨོན་འདུན་གྱི་ཁ་གཡང་ཞིག་ཅིས་ཀྱང་འབོད་འོས་ལ་འབོད་ཀྱང་དགོས།

བྲག་རི་བཞིན་གཡོ་རུ་མེད་པ་ནི་ངེད་གཉིས་ཀྱི་བརྩེ་འདང་ཡིན་ལ་ཆུ་བོ་བཞིན་རྫོགས་མཐའ་མེད་པ་ནི་འུ་གཉིས་ཀྱིས་སྐད་ཆ་ཡིན།

ཁྱེད་ཀྱིས་དགེ་རྒན་གྱི་ལས་དོན་ཡར་ངོའི་ཟླ་ལྟར་འཕེལ་བ་དང་མི་ཚེ་བདེ་སྐྱིད་ལྡན་ཞིང་ཅི་བསམ་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཞུ།།

སྐྱེས་སྐར་ལ་ཕུལ་བའི་གཏམ།

དྲན་ཚོར་དབང་གིས།

སེམས་ཀྱི་མེ་ཏོག་བཞད་པའི་དུས་དེ་རིང་།

སེམས་དང་བསམ་པའི་ཚབ་ཀྱི་ཡི་གེ་ཞིག།

སེམས་ནས་དྲན་པ་ཡོད་རྒུ་འདིར་བསྡུས་ཏེ།།

སེམས་གཏིང་སྙིང་གི་བར་ནས་འཕྲིན་འདི་སྤྲིང་།།

དྲིན་ཆེན་ཕ་མའི་རྔུལ་ཆུ་འདྲེས་མ་ལས།།

རང་ལུས་ལང་ཚོ་བོད་ལ་ཐེངས་གཅིག་སྐྱེས།།

དྲན་ཤིང་སྙིང་གི་འཕར་སྒོའི་མངལ་ཁ་ནས།།

རྟག་ཏུ་དགོད་འཛུམ་བཅས་ཏེ་ནམ་ཡང་སྐྱེས།།

བོད་ལ་སྐྱེས་པའི་དགའ་བ་ཕ་མས་བྱས།།

སེམས་སུ་སྐྱེས་ཚེ་དུང་བ་དྲན་ཤིང་བྱས།།

དགའ་སྤྲོ་སྟོང་ཕྲག་སྟོང་གིས་བསུ་མའི་སྣེར།།

ཁྱོད་ཉིད་བདེ་སྐྱིད་དཔལ་གྱིས་འཚོ་བར་སྨོན།།

སྐྱེས་སྐར་བསུ།

རྫ་ཆུ་ཤེལ།

རང་སེམས་གཙང་མ་འདི་ཡི་ཐུ་འོག་ནས།།

ཁྱེད་ལ་ཕུལ་བས་སྐྱེས་སྐར་ལེགས་སྐྱེས་སུ།།

ལུས་ལ་ནད་མེད་སྐུ་ལ་བདེ་ཐང་སོགས།།

བཀྲ་ཤིས་སྨོན་ཚིག་ཁ་གཡང་གྲངས་མེད་ཤོར།།

རོལ་དབྱངས་སྐྱ་བོ་ཞིག་གི་ཁུག་སོ་ནས།།

གླུ་ཚིག་ཐ་ཐོར་འཐོར་སོང་སྤུན་གྲོགས་ལགས།།

འགྱུར་ཁུག་མེད་རུང་དབྱངས་རྟ་གསར་བ་ཞིག།

འདི་ནི་ཁྱེད་ལ་ཕུལ་བས་ལེགས་སྐྱེས་སོ།།

གྲོགས་ལ་དུངས་བའི་རྣམ་དག་སེམས་པ་འདི།།

ལྷད་མེད་དྭངས་གཙང་ཡིན་པས་ལེན་རོགས་མཛོད།།

ཤིས་བརྗོད་ཚིག་གི་སྨན་མཆོག་རིལ་བུ་འདིས།།

ཅི་བསམ་ལྷུན་གྲུབ་འོང་བས་སྨོན་འདུན་ཞུ།།

སྐྱེ་སྐར་ཤིས་ཚིག

༼དྷཱིཿ༽གསང་མིག་པས།

ཆོས་ལྡན་ཞིང་གི་སྐྱིད་པའི་དགའ་ཚལ་ནས།།

བྱམས་བརྩེའི་དྲོད་ཁོལ་འཁྱིལ་བའི་གཞིས་ཁྱིམ་དུ།།

དལ་རྟེན་འདབ་མའི་གཞུང་ཤིང་རྒྱས་པའི་རྩེར།།

རིག་བཅུའི་གེ་སར་འཛུམ་པའི་འཁྲུངས་སྐར་བསུ།།

དང་བོ་ཕན་ཚུན་མཇལ་བའི་གཏམ་གླེང་གཅིག།

བར་དུ་ཕན་ཚུན་བརྩེ་བའི་ལྷག་བསམ་གཉིས།།

ཐ་མར་ཕན་ཚུན་མཁོ་བའི་རམ་འདེགས་གསུམ།།

གཅིག་སེམས་གཅིག་ལ་སོང་བའི་དན་རྟགས་ལགས།།

སྐྱེས་སྐར་དགེའོ།

བྱམས་བརྩེའི་གངས་དཀར།

ཁྱེད་ཀྱི་སྐྱེས་སྐར་མཇལ་ན་འདོད་ཀྱང་།།

ལུས་གྱི་ལམ་ཁ་རྒྱང་ལ་ཡོད་པས།།

ཁ་ཐགས་རིང་བའི་མཇལ་ཐབས་དབེན་སྟབས།།

སྙིང་གི་སློབ་གྲོགས་དགོངས་དག་ཞུ་འོ།།

རྒྱང་བཞུད་ཉམ་ཆུང་སློབ་གྲོགས་ང་ཡི།།

ལུས་ཀྱི་འཚོ་བ་རྒྱང་ལ་ཡོད་ཀྱང་།།

སེམས་ཀྱི་བརྩེ་བ་ཁྱེད་ཕྱོགས་ཡོད་པས།།

ཁྱེད་ཀྱི་འཚོ་བ་ཁ་དགེ་བཀྲ་ཤིས།།

རྒྱང་རིང་འགྲིམས་པའི་མདུན་ལམ་དེས་ཆེད།།

ཁྱེད་ཀྱི་འཁྲུངས་སྐར་རོ་རྒྱུ་མ་བྱུང་།།

ཁ་སེམས་འོ་མའི་སྨོན་འདུན་གཙང་མ།།

སྡེ་མཐའི་ཡུལ་ནས་ཁྱེད་ལ་བསྐུར་ཡོད།།

སྐྱེས་སྐར་ལ་རྟེན་འབྲེལ་དུ་འབུལ།

དེ་རིང་སྐུ་ཉིད་མགྲོན་དུ་ཕེབས་ནས་མི་ཡུལ་ཁམས་ཀྱི་བདེ་སྐྱིད་ཚོར།།

དེ་རིང་སྐུ་ཉིད་མི་ཡུལ་ཕེབས་ནས་ཉིན་གྱི་འཚོ་བ་ཐོག་མ་རྙེད།།

དེ་རིང་སྐུ་ཉིད་མགྲོན་དུ་ཕེབས་ནས་གོམ་སྒྲ་ཐོག་པའི་སྒྲ་དབྱངས་ཐོས།།

དེ་རིང་སྐུ་ཉིད་གནས་འདིར་ཕེབས་ནས་ཕུ་ནུའི་བརྩེ་བའི་དགོད་སྒྲ་ཚོར།།

དེ་རིང་གྲོགས་ཀྱི་མི་ཚེའི་གོམ་སྒྲ་སླར་ཡང་བཞུད་པའི་ཐོག་མ་ལ།།

དེ་རིང་ཟབ་མོའི་ཆང་ཕུད་ཚབ་ཏུ་འོ་ཇ་ངར་མོའི་ཁ་གཡང་བཏེགས།།

དེ་རིང་གྲོགས་ཁྱེད་འདིར་རུ་ཕེབས་ཏེ་ལས་སྨོན་བཟང་བོའི་འདུ་འཛོམས་ཏེ།།

དེ་རིང་བཀྲ་ཤིས་དགེ་ལེགས་འབྱུང་བ་གྲོགས་པོ་ཁྱེད་ཀྱིས་འགྲོན་གྱི་གཉེན།།

ཀུན་གྱིས་ཁྱེད་ལ་སྨོན་ཚིག་འཁྱེར་གྱིན་གཡང་ཁྱིམ་འདིར་རུ་ཕེབས་ནས་གདའ།།

ངས་ཀྱང་ཁྱེད་ལ་ཁ་གཡང་ཚབ་ཏུ་སྐྱ་རེངས་གསར་བའི་དུས་བཟང་ལ།།

མཐུན་པའི་ལེགས་ཚོགས་ཕྱོགས་བཞིར་ཁྱབ་པའི་སྨོན་འདུན་དུ།།

བྱ་བ་ལས་དོན་མཐུན་རྐྱེན་ལ་སོགས་ཡར་ངོའི་ཟླ་བཞིན་འཕེལ་གྱུར་ཅིག།

ཅེས་དམན་པ་སྣང་བའི་མི་ཞེས་འབོད་པ་བདག་གིས་དྲ་གྲོགས་མེ་སྲས་ཀྱི་སྐྱེས་སྐར་ལ་གུས་ཕུལ།

སྙན་ཁུག

སྐྱེས་སྐར་ནི་

ཁྱོད་མི་ཡུལ་འདིར་དགའ་སྐྱིད་ཀྱིས་འཁྱེར་ཞིང་

སྤྲོ་སྣང་གི་འཇིག་རྟེན་འདི་དང་ལུས་རྟེན་འདི་ཐོབ་པའི་

བསོད་ནམས་ཀྱི་ཚོགས་བསགས་པ་རེད།

རྒྱུ་ཕྱི་མ་མེད་པའིི་དངོས་པོ་ཞིག་ཡོད་པ་མ་རེད་

རྒྱུ་ཕྱི་མའི་ཚོགས་བསགས་བཟང་བ་དང་སྨོན་གྱི་སྟོབས་ཀྱིས་

ཁྱོད་འཇིག་རྟེན་གྱི་དཀར་ངོགས་ཕྲ་མོ་འདི་ལ་ལུས་ཀྱིས་

འཕངས་བ་ཡིན། མདོ་ལས་ཀྱང་། རྒྱུ་མེད་དངོས་པོ་འགའ་

མི་འབྱུང་ཞེས་པ་བཞིན་རྒྱུ་མེད་ན་དངོས་པོ་གང་ཡང་འབྱུང་མ་རེད་ཅེས་གསུངས་སོ།།

ཆེད་ཞུ་ནི་

གྲོགས་པོ་ཁྱོད་ཀྱི་སྐྱེས་ལ་བཀྲ་ཤིས་བདེ་ལེགས་ཞུ།

མ་འོངས་འབྱུང་འགྱུར་གྱི་འཚོ་བའི་ནང་དུ་བྱ་བ་ཀུན་འཕེལ་བ་དང་

ཅི་བསམ་དོན་ཀུན་འགྲུབ་པའི་སྨོན་མདུན་ཡང་ཡང་ཞུ་རྩིས་ཡོད།

བཀྲ་ཤིས་བདེ་ལེགས། ཕུན་སུམ་ཚོགས་པར་ཤོག ཁ་དགེ་བཀྲ་ཤིས།

ཅེས་ཞོགས་ཟས་ཟ་ཞོལ་དུ་ཕྲལ་བྲིས་པའོ།།

སྐྱེས་སྐར་བཟང་།

ནམ་མཁའ་རྒྱ་ཡང་ཆེ་ལ་ཚད་ཀྱང་རིང་།།

ཁྱེད་ནི་ནམ་མཁའི་མཐའ་ནས་འཕག་བཞིན་ཡོད།།

སྤྲིན་པ་རླུང་གིས་དེད་ནས་རྒྱང་རིང་དུ།།

ཁྱེད་ཀྱི་ལས་དབང་བསམས་ཏེ་དགའ་ནས་ཡོད།།

སྐྱེ་བའི་ཉིན་མཚམས་སྦྱར་བ་འདྲ་ནའང་།།

སྐྱེས་ཚེ་མི་རུ་བླང་པ་མཚུངས་ཀྱང་རུང་།།

ཁྱེད་ནི་ཡི་གེའི་དམག་ལ་ཞུགས་ཡོད་པས།།

གཞན་ཞིག་ཁྱེད་ཀྱི་དོ་ཟླར་མི་འོས་ཨང་།།

བསམ་ན་ཕ་མ་ཞེས་པའི་ཉི་ཟླ་གཉིས།།

ནོར་བུ་གང་གིས་མི་ཐུབ་ནོར་བུ་སྟེ།།

ཁྱེད་ཀྱི་དེ་འདྲའི་ཕ་མར་བསམ་བཞིན་དུ།།

མི་ཚེ་ཕལ་བ་ཞིག་ལ་མི་ཆགས་ཨང་།།

ཆོས་རབ།

སྐྱེས་སྐར་ལ་རྟེན་འབྲེལ་ཞུ།

ཞོགས་སྤྲིན་གྱིས།

དུས་ཀྱི་འགྱུར་ལྡོག་གི་ཁྲོད་ནས་

ཆར་རླུང་བསིལ་མ་འབབ་པའི་དུས་བཟང་འདིར་

ཁྱོད་ཉིད་ཀྱི་ལྟེ་ཁྲག་ས་རུ་ཕོ་བའི་ཉིན་མོ་སྟེ་

འདི་ནི་ཁྱོད་ལ་མཚོན་ན་ཆེས་དྲན་སླ་བ་ཞིག་དང་

བརྗེད་དཀའ་བ་ཞིག་སྟེ།

ཁྱེད་ཉིད་ཀྱི་རོལ་འདོད་པའི་དེ་རིང་བསུ།

དེ་རིང་གི་ཁྱོད་ཀྱི་སྐྱེས་སྐར་བསུ།

རྟེན་འབྲེལ་ཞུ།

དགའ་སྟོན་རོལ།

ས་ཆེན་གྱི་ཡངས་སྟེང་གི་ཉི་མའི་འོད་རླབས་བཞིན་

ཁྱོད་ཀྱི་གཤོག་སྩལ་རྒྱས།

སྔོ་ལྕགས་ཀྱི་སྤང་ཐང་གི་གསལ་མའི་མེ་ཏོག་ལྟར་

ཁྱོད་ཀྱི་འདབ་ལགས་བཀྲ།

དྲོད་ཁུལ་གྱི་ཁྱབ་པའི་མི་ཡུལ་འདི་ནས་

ཁྱོད་ལ་དགོས་འདོད་ཀྱི་ནོར་བུ་ཀུན་འབྱུང་འཕེལ།

དགའ་སྤྲོ་ཡི་དག་ཞིང་འདི་ནས་

མཛད་མེད་ཀྱི་སྙིང་སྟོབས་གྲགས་པར་ལྡན།

བཀྲ་ཤིས་ཀྱི་ཡུལ་ཁམས་འདི་ནས་

བསམ་དོན་གྱི་ཡིབཞིན་ལྷུན་གྱིས་འགྲུབ་པར་སྨོན།

༢༠ ༡༧ ༩ ༤ ཁྱེད་ལ་ཕུལ།

སྐྱེས་སྐར་བསུ།

ཐུ་བྷོད་སྲས་མོས།

རང་དབང་ལམ་སྣེ་འཚོལ་བའི་རིགས་བཟང་བུ།།

ནམ་ཡང་བོད་པ་ཚང་གི་མི་རྒྱུད་ཡིན།།

ཁ་འཐོར་ཨ་ཕ་ཚང་གི་ཁྱིམ་གཞིས་འདིར།།

གཅེས་སྤྲས་བྱེད་པ་རྒྱུན་དུ་བརྗེད་མི་རུང་།།

བོད་ཀྱི་ཕ་ས་འཚོལ་བའི་རིགས་བཟང་བུ།།

ཞི་བདེའི་ལྟ་བ་བསྟན་པའི་སྲོག་ཤིང་ཡིན།།

ཡ་རབས་སྤྱོད་བཟང་བསྟན་པའི་མིག་རྒྱུན་ཡིན།།

འདི་དག་སེམས་ལ་བཟུང་དང་རིགས་བཟང་བུ།།

སྐྱེས་སྐར་ལ་རྟེན་འབྲེལ་ཞུ།

ཚེས་ཀ

ཁྱོད་ཀྱིས་ཤ་རུས་ཁྲག་གསུམ་ཁ་བ་ཅན་གྱི་རི་ཆུ་ནགས་གསུམ་ལ་བཏབ་སྟེ།

རིགས་ཀྱི་མྱུ་གུ་འབུས་དང་འབུས་བཞིན་ཡོད་ལ།

ད་ལྟ་ཁྱོད་ནི་ཕྱི་གཙང་ནང་གཙང་གི་བོད་ཀྱི་དགེ་རྒན་གཤའ་མ་ཞིག་སྟེ།

ཁྱོད་ཀྱིས་ཕ་ས་གངས་རིའི་ལྗོངས་འདིར་དུས་རབས་དང་མཐུན་པའི་འོད་ཀྱི་ལམ་ཆེན་ཞིག་ངང་ངམ་ཤུགས་ཀྱིས་ཕྱེས་ཡོད།

ད་དུང་ཁྱོད་ཀྱི་ཞིམ་པ་མེད་པའི་ཆོད་སེམས་དང་ལ་རྒྱ་སྙིང་སྟོབས་དང་སྤོབས་པ་སོགས་ང་ཚོ་གདོང་དམར་ཚང་ཐུན་མོང་ལ་དབང་བའི་གསེར་གྱི་སྐར་ཚོམ་ཡིན། རུས་པའི་རྐང་མར་ཡིན། འོ་མའི་ཁ་སྤྲིས་ཡིན།

༢༠༡༧ ༩ ༤

དབྱངས་ཅན་པང་གི་མེ་ཏོག

གྲོགས་མེ་སྲས་ཀྱི་སྐྱེ་སྐར་ལ།

ཁྱོད་ནི་དབྱངས་ཅན་པང་གི་མེ་ཏོག་དེ།།

ཕ་མའི་མིག་ཆུའི་ནང་གི་འཛུམ་ཆུང་ཡིན།།

མངར་སྐྱུར་འདྲེས་པའི་བྲོ་བ་ཁྱོད་ལ་ལྡན།།

སྙིང་གི་དྲོད་ཕུག་གསེས་ཀྱི་མཛའ་མོ་ཡིས།།

ཉིན་རེའི་ཟས་ཐུན་ཁྱོད་ཉིད་བྱེད་ཀྱི་ན།།

དྲན་པའི་ངོས་ཀྱི་ལོ་ཟླ་དམར་པོ་ཡིན།།

2017 9 4 ཉིན་སོ་ཁུང་ནས།