ཁྱོད་དྲན་པའི་དོ་ནུབ།

---ཁྱོད་དང་འཕྲད་པ་ངའི་བསོད་ནམས་ཤིག

དུང་ཟླ་ཤར་ནས་མ་འཕགས།།

སྐར་ཚོགས་དགུང་ནས་མ་འཚེར།།

དགའ་ལོའི་ཞལ་མིག་མ་མཇལ།།

སེམས་ཆུང་གྲང་ལ་འབྱར་ཟིན།།

དྲན་གདུང་སེམས་ལ་ལྕི་སོང་།།

འཁུན་སྒྲ་ཞེ་ལ་གཟན་སོང་།།

རླུང་བུ་དལ་འགྲོ་ཞིག་ལ།།

སྙིང་གཏམ་ཁྱེད་སར་སྐུར་ཡོད།།

ཚེ་སྔོན་ལས་ཀྱིས་སྐོས་པའི།།

ཡ་ཁོག་སྙིང་གི་བྱམས་པ།།

དྲན་པའི་གདུང་འབོད་ལན་འགའ།།

དགུང་ཁའི་སྤྲིན་ལ་བཅོལ་ཡོད།།

ཟླ་བ་མེད་པའི་དོ་ནུབ།།

ཁྱེད་ཉིད་དྲན་ཐེངས་མང་བ།།

འོད་མདངས་མེད་པས་མིན་ན།།

བརྩེ་བ་ཟབ་པས་ལོས་ཡིན།།

ཞོགས་དུས་སློབ་རའི་ནང་དུ།།

ཕར་ཚུར་བགྲོད་ཐེངས་མང་བ།།

སློབ་ལ་བརྩོན་པས་མིན་ན།།

ཁྱེད་དང་འཕྲད་ཆེད་ལོས་ཡིན།།

ལམ་ལམ་སྐར་ཚོགས་ཁྱུ་གཅིག།

དགུང་ཁའི་སྨག་གིས་བཀབ་ཀྱང་།།

བྱམས་པའི་སྙིང་གཏམ་དྲོད་མོ།།

དུས་ཀྱིས་གསུབ་པར་མ་ནུས།།

ཡིད་མཐུན་རོགས་ལོ་ཁྱེད་དང་།།

ཚེ་གཅིག་མཉམ་འགྲོགས་བྱུང་ན།།

མི་འབྲལ་དམ་ཚིག་བརྟན་པོ།།

རྡོ་རྗེ་བྲག་ལ་བརྐོ་ཆོག།

ཕུགས་འདུན་གཅིག་པའི་རོགས་དང་།།

གཞིས་ཁྱིམ་གཅིག་ཏུ་འཛོམས་ན།།

ཉམས་ཐག་མི་ཚེ་འདི་ཉིད།།

དོན་སྙིང་ལྡན་པ་ཡིན་ངེས།།

རང་སེམས་ཤོར་སའི་བུ་མོ།།

སྐལ་པ་འཇིག་རག་བར་དུ།།

བདེ་སྐྱིད་འཛུམ་ལ་འཆར་ཤོག།

སྐུ་གཟུགས་ཆུ་ལས་དྭངས་ཤོག།

༢༠༡༧.༨.༣༠