ཞོགས་རླུང་།

---དབལ༒བཙན་སྨྱུག

གཟའ་ཉི་མའི་ཞོགས་པ་རེ་རེར། ང་ཉིན་གཅིག་གི་ཉི་ཟེར་དང་འགྲོགས་ཏེ་གཙང་འགྲམ་གྱི་ལྡིང་ཁང་འོག་ཏུ་ཁེར་རྐྱང་གི་འཚོ་བར་དགའ། དགའ་བ་འདིས་ངའི་ན་ཟུག་གི་མིག་ཆུ་ཕྱིས་མྱོང་ལ། ངའི་ཁེར་རྐྱང་ལ་སྤྲོ་སྣང་ཡང་སྟེར་མྱོང་། དུས་ཚོད་ཀྱི་ཕྱག་ཟུང་གིས་མིག་འདུན་གྱི་རྫིང་ཆུ་ལ་བྱིལ་བྱིལ་རེ་བྱས་ཏེ། ཕྱིར་ལྟས་དང་འགྱོད་སེམས་མེད་པར་མཐའ་མི་མངོན་པའི་སྤྱི་གླིང་གི་ཁྱོན་ལ་འཐིམས་ཚེ། ང་ནི་དེ་དག་གི་འཁྲབ་གཞུང་ལ་དགོད་འཛུམ་སྟོན་པའི་སྤྱིར་བཏང་གི་ལྟད་མོ་བ་ཞིག

དུས་སྐབས་རེར། ངས་ཞོགས་དུས་ཀྱི་ཉི་ཟེར་འཇམ་པོས་ཉིན་གཅིག་གི་རེ་བ་དང་ཁ་ཕྱོགས་ཁྱེར་ཏེ། རྒྱང་མི་རིང་བའི་གྲུ་ག་ཞིག་ནས་ངའི་ཕྱོགས་སུ་ཡོང་བཞིན་པ་མཐོང་སོང་མོད། ཡིན་ན་ཡང་། ཞོགས་རླུང་དེས། ང་གཅིག་པུ་རྒྱབ་ཕྱོགས་སུ་བསྐྱུར་ནས་ས་ཕྱོགས་གཞན་ཞིག་ལ་དམིགས་ཡུལ་འཕངས། ཡུན་རིང་ཞིག་ལ། རེ་བ་དང་ཁ་ཕྱོགས། གྲུབ་འབྲས་དང་རྒྱལ་ཁ་བོར་བའི་གཙང་འགྲམ་གྱི་མྱི་རྐྱང་ང་ལ་ལྡིང་ཁང་གི་ལྷིང་འཇགས་དང་རྫིང་ཆུ་ཡི་རླབས་ཕྲེང་ལས་ཅི་ཡང་མེད། འོན་ཀྱང་། མིག་ལམ་གྱི་ཡོད་ཚད་ནི་ངའི་མངོན་འགྱུར་མ་བྱུང་བའི་འཁྲུལ་སྣང་གི་རེ་བ་དང་། ངའི་རྟག་བརྟན་མེད་པའི་མི་ཚེ་ཡི་ཁ་ཕྱོགས་ལས་རིན་ཐང་དང་བླང་བྱ་ལྡན།

ལྡིང་ཁང་གི་འགྲམ་ངོགས་རེ་ལ་དཔྱིད་དཔལ་གྱི་འཛུམ་མདངས་མངོན་པའི་དཀར་དམར་གྱི་མེ་ཏོག་བཞད་འདུག མེ་ཏོག་གི་ལང་ཚོ་ལ་གསར་སྐྱེས་ཀྱི་སྙིང་སྟོབས་དང་སྤོབས་པས་ཁེངས་ཤིང་འཇིག་རྟེན་འདིའི་ཡོད་ཚད་ལ་མཐོང་འདོད་དང་ཐོབ་འདོད་སྐྱེས། འོན་ཀྱང་། ལང་ཚོའི་འདོད་རྔམས་དེས་ཁོ་ལ་ཡིད་ཚིམས་པའི་རྫོགས་ཚིག་ཅིག་སྟེར་མ་ནུས་པར་བྱིས་པའི་ཨ་གསར་དང་རྩེད་འཇོ་ཡི་འོག་ནས་ཆེས་ཐོག་མའི་ལང་ཚོ་ཡི་སྒེག་ཉམས་ཀྱང་དབང་མེད་དུ་ཤོར།

མེ་ཏོག་གི་ལང་ཚོ་དང་ཁེར་སྡོད་ཀྱི་མྱི་རྐྱང་གཉིས་སྤང་ཐང་དེ་དང་ལྡིང་ཁང་དེ་ནས་སོ་སོའི་ལས་དབང་དང་སོ་སོའི་བཀོད་བཞག་ལ་སྡིག་མོ་དང་འཁུན་ཚིག་རེ་བྱས་ནས་མགོ་བོ་བྲང་གཞུང་དུ་སྒུར། བར་སྐབས་དེར་གསོན་ཤུགས་ཀྱི་སྤོབས་པས་ཁེངས་པའི་ཞོགས་རླུང་ནི་ལང་ཚོའི་སྒེག་ཉམས་ལ་འདབ་ལག་རྫོགས་པའི་གཞོན་ནུ་མ་བཞིན་འཁོར་ཡུག་གི་ཡོད་ཚད་ལ་རེ་བ་དང་སྙིང་སྟོབས་བསྩལ། ཞོགས་རླུང་གི་ལྡང་སྟངས་རེ་ལ་མིག་ཟུང་གིས་ལྐོག་ལྟ་བྱས་ཏེ། མཐའ་འཁོར་གྱི་འཁོར་ཡུག་དག་ལ་ཞིབ་བཤེར་རེ་བྱས་ཚེ། ཡོད་ཚད་ནི་ད་དུང་མཛེས་ཉམས་ཀྱིས་ཁེངས་ཤིང་མིག་ཟུང་གི་བདུད་རྩི་རེད། དེ་དུས་ད་གཟོད། ངའི་སེམས་གཏིང་གི་ཁུར་པོ་དེ་ཁྱོད་ཡིན་པ་གཞི་ནས་རྟོགས། རྟོགས་པ་དང་ཤེས་པ་དེས་ང་ཁྱོད་ཀྱི་འཇིག་རྟེན་དེར་བྲལ་འདོད་ཀྱི་སེམས་ཤུགས་སྟེར།

༢༠༡༧.༥.༨ ལྡིང་ཁང་ཞིག་གི་འོག་རོལ་ནས།