༅༅། འོད་ཀྱི་ས་བོན།

གཉལ་ཕྲུག་རྒྱ་མཚོ།

འོད་ཀྱི་ས་བོན་ཞིག

ཤ་ཁྲག་གི་ས་གཞིའི་རུམ་དུ་འཐིམ་པ་ནས་བཟུང

ལང་ཚོའི་མྱུ་གུར་སྲོག་གི་དབང་པོ་ཞུགས་ཏེ

ལུས་ཕུང་གི་གཞུང་རྟ་ལ

རྐང་ལག་གི་ཡལ་འདབ་རིང་དུ་རྒྱས

འོད་ཀྱི་ས་བོན་ཞིག

ཡིད་ཀྱི་བར་སྣང་ཀློང་དུ་འདྲེས་པ་ནས་བཟུང

མུན་ནག་གི་སྒམ་ན་ལུས་པའི་རྣམ་ཤེས་ལ

ཤེས་རིག་གི་འོད་སྣང་འཕྲོད་དེ

བློ་གྲོས་ཀྱི་ཟེགས་མ་གང་སར་འཐོར

འོད་ཀྱི་ས་བོན་ཞིག

རེ་བའི་འབྲས་བུ་བཏགས་པའི་ཉིན་ནས་བཟུང

སྤྱི་ཚོགས་ཀྱི་ཞིང་ས་གཤིན་པོ་རུ

ཤེས་རབ་སྡོང་པོར་འབྲས་བུ་སྨིན་ཏེ

བདེ་སྐྱིད་ཀྱི་སྣང་བརྙན་གང་སར་སྐྲུན