བཤེས་གཉེན།

སློབ་མིང་བ། མེ་སྲས།

བཤེས་གཉེན་ལགས།

ཁྱོད་ཀྱིས་ལེགས་བཤད་སྦྲང་རྩིའི་ཟེགས་མ་རེ་རེས།

རྨོངས་རྟུལ་གྱི་སྐ་རགས་འཁྲོལ་བར་བྱས་ཤིང་།

ལྷག་བསམ་གྱི་མེ་ལོང་དཀར་པོས།

ང་ཚོ་ལ་གཏམ་རྒྱུད་གྲངས་མེད་པ་ཞིག་བྲིས་སུ་བཅུག

ཤེས་རབ་ཀྱི་རྣོ་དབལ་རྒྱས་ཤིང་།

དམ་ཚིག་གི་དབུ་ཁྱུད་གླེང་ནས།

ཆེས་སྤྱིར་བཏང་གི་ཁོར་ཡུག་ནས་

ང་ཚོ་ལ་སྙན་ངག་དུ་མས་མཆོད་བརྗོད་གནང་།

ལོ་དེར།

ང་རང་ངུ་མྱོང་བའི་ལོ་དེར།

སྐུ་ཉིད་ཀྱང་ཤུམས་མྱོང་བའི་ལོ་དེར།

མི་ཚེའི་སྐྱོ་གར་ནི་ཇི་འདྲའི་ཡིད་དུ་འོང་བ་ཞིག

ཨེ་མ་ཧོ། ང་ཡི་བཤེས་གཉེན་ལགས།

ཁ་དོག་མི་གཅིག་པའི་འཇིག་རྟེན་ནས།

ང་ཚོ་སྟེ།

རྨོངས་མུན་གྱི་དྲ་རྒྱར་ཚུད་པས་སློབ་བུ་ཁྱུ་གཅིག

སྡིག་སྒྲིབ་ཀྱི་བམ་ཁ་མཐུག་པའི་བོད་ཕྲུག་སྐོར་གཅིག

དགུ་ཚིགས་རིང་མོའི་གཙང་ཆུ་འཐུང་བར་གོམས་སུ་བཅུག

དུད་ནག་གི་རྔམ་ཁ་རྒོད་པའི་མི་རབས་འདིར།

ང་ཚོ་ལ་ཆེས་བག་ཡོད་ཀྱི་མི་གཞི་ཞིག་བསྐྲུན་པར་

སྙིང་ནས་བཀའ་དྲིན་ཞུ།

བཀའ་དྲིན་ཆེ། ང་ཡི་བཤེས་གཉེན་ལགས།

གྱེས་ཁ་མར།

དབུ་ཆུའི་རླབས་རྒྱུན་གྱི་དྲོད་ཁོལ་ཡལ་བ་ཨེ་བདེན་ལགས།

ཕ་ཡུལ་གྱི་རི་ཆུ་ངུས་པ་ཡང་ཨེ་བདེན་ལགས།

སེམས་ཀྱི་ཉི་ཟླ་ལ་གཡོ་འགུལ་ཐེངས་གཅིག་

བྱུང་བ་ཨེ་བདེན་ལགས།

འོན་ཏེ།

ང་རང་ངུ་དགོས་དོན་མེད།

ཤེས་རིག་གིས་གཤོག་པ་བརྐྱངས་ཏེ།

མུ་མཐའ་བྲལ་བའི་བར་སྣང་ལ་ལྡིང་སྐོར་རྒྱག་དུས།

ང་རང་ངུ་དགོས་དོན་མེད།

ང་ཚོ་སྐྱོ་དགོས་དོན་མེད།

དམ་ཚིག་ཤེར་གྱི་སྒོ་ངར་གས་ཆགས་མ་ཤོར་པར།

ལྷག་བསམ་འོ་ཆུ་དྭངས་མོའི་བྲོ་བ་མ་བརྗེད་པར།

ཧ་ཅང་ཡིད་དུ་སྡུག་པའི་སྐྱེད་ཚལ་དེ་ནས།

ང་ཚོའི་སླར་ཡང་འདས་ཟིན་པའི་རྨི་ལམ་རྨིས་ཆོག

རྟ་རྒོད་རྒྱུག་ཤུལ་ན།

མི་ཚོགས་ཀྱི་ཁ་རླངས་ཤིན་ཏུ་སྟུག

བྱེའུ་ཆུང་འཕུར་ཤུལ་ན།

བྱ་ཁྱུ་ཡིས་སྨྲེ་ངག་རྒྱུན་ཆད་མེད།

གང་ལྟར།

སྐྱོ་དགོས་དོན་ཞིག་ཡེ་ནས་མེད།

བཤེས་གཉེན་ལགས།

འབད་བརྩོན་གྱིས་སྟེགས་བུ་ག་ཚོད་ཅིག་

སྦྱིན་པ་བརྗེད་མི་སྲིད།

དོགས་དཔྱོད་ཀྱིས་རལ་གྲི་ཅི་ཙམ་ཞིག་

གནང་བ་ཡང་བརྗེད་མི་སྲིད།

བརྗེད་མི་སྲིད།

ང་ཡི་བཤེས་གཉེན་ལགས། བརྗེད་མི་སྲིད།

8-24