ཞེ་མཐུན་བུ་མོ་ངེད་གཉིས།།

སློབ་གྲྭའི་གླིང་ནས་འཕྲད་སོང་།།

འཕྲད་པ་སྔོན་མའི་ལས་ཡིན།།

ལས་དབང་རང་གི་ལག་རེད།།

ཐོག་མར་འཕྲད་པའི་དུས་ལ།།

ཡིད་སེམས་འཕྲོག་པ་མིན་མོད།།

ལོ་ཟླའི་སྐྱེལ་འདྲེན་བར་ནས།།

ང་རང་ཁྱེད་ལ་འདྲིས་སོང་།།

སེམས་པ་མཉམ་དུ་འདྲེས་ཀྱང་།།

གསང་བ་སྙིང་དུ་སྦས་ནས།།

ཕན་ཚུན་དགྱེས་འཛུམ་སྤྲད་པ།།

ངེད་གཉིས་བརྩེ་བའི་ལམ་ཡིན།།

མ་བསམ་བཀོད་སྒྲིག་ཅིག་གིས།།

ཁྱེད་རང་ཡུལ་ནས་ལོག་སོང་།།

ཤུལ་ལུས་སེམས་ཆགས་བུ་ཡི།།

བྱང་ཁོག་སྟོང་བར་བཟོས་སོང་།།

སེམས་ལ་སྒྲོས་ཤིག་གཏབ་སྟེ།།

མ་སྐྱོ་མ་སྐྱོ་ཟེར་ནས།།

རང་སེམས་རང་གིས་གསོ་བ།།

སྔོན་མེད་གཤིས་ཤིག་ཆགས་མྱོང་།།

ལས་སྐལ་བཟང་པོ་ཞིག་གིས།།

ཁྱེད་དང་འཕྲིན་ལམ་དོད་སོང་།།

བརྡ་རྟགས་འཕྲིན་གྱི་ཕ་ཉས།།

ང་ལ་གོ་སྐབས་གནང་བྱུང་།།

སེམས་ཀྱི་སྤོབས་པ་བསྡུས་ཏེ།།

སྐྱེངས་པའི་རྣམ་འགྱུར་ལྐུང་ནས།།

སྙིང་གཏམ་དམར་རྗེན་དེ་ཚོ།།

བུ་མོར་ཤར་མར་བཤད་ཡོད།།

ཁྱེད་ཀྱི་ཨ་ལན་མེད་པས།།

སེམས་པ་ན་ཙམ་ཡོད་ཀྱང་།།

ལོ་མང་གསོག་པའི་དྲན་གདུང་།།

ཁྱེད་ལ་འཕྲོད་པས་སྤྲོ་བ།།

ཉིན་མ་དེའི་རྗེས་ནས།།

ངེད་གཉིས་གཏམ་གླིང་མང་སོང་།།

ཁྱེད་ཀྱི་སློབ་གསེང་སྐར་ཆ།།

ང་ཡི་བློ་ལ་ངེས་ཡོད།།

གཞན་ཡུལ་སློབ་གྲྭའི་འཚོ་བ།།

དགེ་སློབ་མཛའ་མཐུན་ཡིན་ཚུལ།།

ཁྱེད་ཀྱི་མདུན་ལམ་དགའ་ཕྱོགས།།

ང་ཡིས་རེ་བཞིན་རྟོགས་ཡོད།།

ཕར་དགའ་ཚུར་མཐུན་ཡིན་པའི།།

དམར་རྗེན་གཏམ་གྱི་རིགས་ལ།

ལབ་གླིང་མང་པོ་མེད་པ།།

ཁྱེད་ཀྱི་གཤིས་ཀ་ཡིན་ཟེར།།

སེམས་དང་སེམས་པ་འདྲེས་ན།།

གཏམ་གྱི་རམ་འདེགས་མི་དགོས།།

མཉམ་དུ་འཛོམས་པ་ཡོད་ཟེར།།

དེ་ཡང་ཡིན་ཚོད་རེད་འདོད།།

མ་འཕྲད་མ་འཇལ་འགོར་ནས།།

ལོ་ཐོག་ཟླ་བརྩེགས་ཡིན་མོད།།

སེམས་ལ་གདོན་འདྲེ་ཞུགས་པ།།

སྐད་ཅིག་དུས་ཙམ་མེད་དོ།།

མི་ལ་འགྱུར་བ་མེད་ན།།

དུས་དང་ཡུལ་གྱི་བར་ཐག།།

ཕྱི་ཤུན་འགག་འཕྲང་དེ་ཚོ།།

མཉམ་དུ་གདོང་ལེན་བྱེད་ཆོག།

༢༠༡༧/༠༨/༢༡

དབལ་ཤུལ་ཀུན་དགའ་རྒྱ་མཚོ།