དབུགས་ཐེངས་གཅིག་གིས་རང་ལ་བཀྱོན་པ།

རྣམ་འབྱེད་ཤེས་རབ།

ཤེས་ན་རང་གིས་སྒྲུབ་པ་དེས་ཆོག་གི།།

ཐོས་ལོ་ཤེས་ལོ་ཅུང་ཙམ་བསགས་པ་དེ།།

རློམ་སེམས་དང་བཅས་གཞན་རྒྱུད་ཤན་འབྱེད་པ།།

གཉེར་མ་ཐོད་ལ་རྩིག་པའི་རྒྱུ་གཞན་རེད།།

དེ་ཕྱིར་གཞན་གྱི་མདུན་མ་ལེགས་མིན་དང་།།

བསྟན་དང་སྟོན་པར་ཞེ་རྩིས་ཆེ་མདོག་གིས།།

རྨོངས་པ་མཚར་བའི་ཚིག་གི་ཟོག་མ་རྣམས།།

ཆོས་བརྒྱད་ཤིང་རྟས་འདི་རུ་མ་སྤུངས་ཤིག།

ཐུབ་དབང་བསྟན་པ་འོ་མའི་རྒྱ་མཚོ་ཆེ།།

དད་ཤེས་སྣོད་ལྡན་སུ་ཡིས་གཞོགས་གང་དུ།།

རང་གི་ལྟོ་བའི་ལྕོགས་ཚད་བཏུང་བ་ན།།

སོ་སོའི་སེམས་ལ་བརྗོད་མེད་དགའ་བདེ་རྙེད།།

དིང་ནི་ཆེར་སྙིགས་དུས་ཀྱི་མཐར་སོན་པས།།

ཆོས་ཀྱི་གཏམ་ལ་ཕལ་ཆེར་ཁོང་ནས་སྡང་།།

དེ་ཚེ་དུས་ངན་རང་བཞིན་ངོས་ཟིན་ན།།

གཅིག་པུར་གནས་པས་བདེ་ཆེན་སེམས་ལ་འདྲེན།།

དེས་ན་ད་དུང་ཚེ་ཕྱེད་ཟིན་ན་ཡང་།།

ལུགས་གཉིས་གང་གི་སྒོ་ནས་རང་གཞན་ལ།།

ཕན་བདེ་སྒྲུབ་པའི་ཐབས་ཀྱིས་སྟོང་བ་འདི།།

བླུན་པོ་རང་མཐོང་ཆེ་བའི་གོ་བརྡར་སེམས།།

རང་ལ་རང་གིས་བཀྱོན་པའི་ཟོལ་འདི་ཡང་།།

རང་གི་ཚོད་ཀྱིས་ལུང་རིགས་ཕུ་འདེད་བྱས།།

རང་ལས་གཞན་པ་དག་ལ་བཤད་མིན་ཡང་།།

རང་འདྲ་རེ་འགར་ཕོག་ན་མཐོལ་ལོ་བཤགས།།

2017/7/19ཉིན། རང་ཤག་ཏུ་འཕྲིན་ཕྲན་རྩེད་ཞོར།