ཐག་གཅོད་དཀའ་བའི་ལོ་དེ།

KG•Jamyang

ཉིན་ཐོ།

࿑དེ་རིང་ནས་བརྩིས་པའི་ཟླ་བ་གཅིག་ཏག་ཏག་གི་ཡར་སྔོན་ལ། ང་རང་མཁས་མང་འདུས་པའི་གྲལ་དུ་གཞུང་ཆེན་ལ་སློབ་གཉེར་བགྱི་སའི་ཁོར་ཡུག་དང་ཆོས་གྲྭ་དཔེ་མེད་མཐོ་ལས་དགོན་པ་ནས་གཞུང་ལུགས་ཆེན་མོ་རྣམས་སུ་ཆོས་གྲོགས་རིགས་སྨྲ་མང་བོ་དང་ལྷན་དུ་བཤེས་གཉེན་མཁས་པ་ཆེན་པོའི་མགོན་དང་བཅས་ཏེ། བརྟུན་པ་ཅི་བསྐྱེད་ཀྱིས་བརྒལ་ཞིང་བརྟགས་པས་འཇུག་པའི་ལས་སྐལ་ལོངས་སྤྱོད་ཡོངས་སུ་ཟད་དེ། ཕྱིར་འཆད་ཉན་ཐོས་བསམ་གྱི་ཁོར་ཡུག་ཤིན་ཏུ་ཉག་ཕྲ་བའི་རང་ཡུལ་གྱི་གཞིས་དགོན་ལ་གཏན་སྡོད་བྱེད་པར་ཡོང་བ་ཡིན།

དེ་ནས་བཟུང་ཟླ་གཅིག་པོ་འདིའི་ཡུན་ལ་སློབ་གཉེར་གྱི་ཞོར་དུ་རང་གི་འབྱུང་འགྱུར་གྱི་ཐད་ལ་བླ་མ་བདག་ཉིད་ཆེན་པོས་བདག་ལ་ཆེད་དམིགས་ཀྱི་གསུང་ཟུར་རྣམས་ཅི་དཔོག་གིས་སྒོས་མཁས་པར་བློ་འདྲི་དང་། ལམ་རིམ་ཆེན་མོ་སོགས་ལམ་རིམ་བློ་སྦྱོང་སྐོར་ཁ་ཤས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ཀྱིས་སློབ་གཉེར་ཇི་ལྟར་བྱེད་ཚུལ་གྱི་བསླབ་བྱ་ཁག་དང་། སྐྱེས་བུ་དམ་པ་འགའ་ཞིག་གི་རྣམ་ཐར་བསྐྱར་དུ་མཇལ་ནས་ལམ་ཁ་གཞན་ཞིག་དང་ལུས་སེམས་ལྷོད་ལ་འབབ་པར་རེ་ལྟོས་བཅིངས། དེ་ལྟ་ནའང་ཚེ་འདིའི་སྣང་ཤས་ཀྱིས་མི་གཏོང་བའི་ཁོ་བོའི་སྙིང་ཁམས་འཁྲུགས་ནས་ཅི་ཡིན་འདི་ཡིན་མེད་པར་ཉལ་འདང་ལག་པ་བྲང་འདང་དང་། མལ་སའི་ཁྲོད་དུ་གཡས་ལོག་གཡོན་ལོག་བྱས་ནས་མཚན་ཕྱེད་ཡོལ་ཡང་ངེས་བཟུང་མེད་པའི་འདང་རྒྱག་སྣ་ཚོགས་བྱས་པ་ཡིན།

སྐབས་དེ་དག་ཏུ་རང་སེམས་ལ་ཕན་རླབས་ཆེ་བར་བྱུང་བ་ནི། བླ་མ་བདག་ཉིད་ཆེན་པོས་ཕྲན་ལ་ཆེད་དམིགས་ཀྱི་བཀའ་གསུང་སྤྱི་དང་། གཞན་ཨ་ཁུ་བཀའ་དྲིན་ཅན་དབུས་སྨྲ་བ་ལགས་ཀྱི་བཀའ་སློབ་རྣམས་རེད། དེ་ལས་ཀྱང་བླ་མ་བདག་ཉིད་ཆེན་པོའི་ལམ་རིམ་ཆེན་མོའི་བཀའ་ཁྲིད་སྒྲ་ཐག་ལ་ཉན་པས་དད་འདུན་དང་སྤྲོ་སྣང་བརྗོད་དུ་མེད་པ་ཐོབ་པར་གྱུར་མོད་ཅོལ་ཆུང་ཐ་ཤལ་བའི་སེམས་ལ་ངེས་བརྟན་མེད་སྟབས་ལྷག་པར་དུ་ཡང་སྐབས་ལ་རེར་ད་དུང་མགོ་ཐོག་ལ་ལས་ཁུར་གང་ཞིག་འོང་ཡང་ཅིས་ཀྱང་འཆད་ཉན་དར་བའི་དགོན་སྡེ་ཞིག་ཏུ་སློབ་གཉེར་ཕྱིན་ཐབས་བྱ་དགོས་ཨང་སྙམ་དུ་བསམ་པ་སོགས་བསམ་གཞིག་གི་སྒོ་སྣ་ཚོགས་ཅི་ཙམ་རྒྱ་བསྐྱེད་ནའང་འབྱུང་འགྱུར་དཀའ་སྡུག་གང་ལ་འཕྲད་ཀྱང་ལས་དོན་འདི་ཁོ་ན་བློ་དང་ལག་པས་མི་གཏོང་སྙམ་པའི་ཆོད་སེམས་འཆང་ས་ཞིག་མ་རྙེད་པར་ལུས་པ་ན།

དཔེ་ཀློག་ཙག་ཙིག་གི་ཁྲོད་མཁས་མཆོག་རོལ་བའི་རྡོ་རྗེའི་བསླབ་བྱ་ཞིག་ཏུ། གལ་ཏེ་རང་གི་བློ་ནུས་སྟོབས་ཆུང་ཞིང་།། སྙིགས་དུས་ཚེ་ནི་ཕལ་ཆེར་ཡུན་ཐུང་བས།། རྣམ་མང་གཞུང་ལ་ཐོས་དང་བསམ་པ་ཡིས།། བདར་ཤ་རྩོད་པའི་སྤྲོས་པས་འཇིགས་གྱུར་ན།། ཚང་ལ་མ་ནོར་གདམས་པའི་སྙིང་བོ་མཆོག ། ཐུན་མོང་ཐུན་མིན་པའི་ལམ་རིམ་རྣམས།། གསལ་ལ་དྲིལ་བར་ཉམས་སུ་ལེན་པའི་ཚུལ།། བློ་བཟང་རྒྱལ་བའི་སྙན་རྒྱུད་ཟབ་མོ་རྣམས།། ཚུལ་བཞིན་སྟོན་པའི་མཚན་ལྡན་བཤེས་གཉེན་ལས།། མ་ནོར་ལེགས་མནོས་དབེན་པའི་རི་སུལ་དུ།། ཆོས་བརྒྱད་སྤྲོས་པ་བཙན་ཐབས་བཅད་ནས་སུ།། སྒྲུབ་པ་ལྷུར་ལེན་བྱེད་པ་སྙིང་གཏམ་ཡིན།། ཞེས་སོགས་གསུངས་པ་འདིས་ཕྲན་ལ་འདུན་མ་གཞན་ཞིག་གི་སྐྱ་རེངས་བསུས།

ད་དུང་ཁོང་གི་བསླབ་བྱའི་ཡི་གེ་གཞན་ཞིག་ཏུའང་། མིང་དང་སྙན་གྲགས་འཁོར་དང་དཔལ་འབྱོར་སོགས།། ལྟ་ཅི་དམ་ཆོས་ཐོས་བསམ་སྒོམ་པ་ཡང་།། ཚེ་འདིའི་ཆེད་དུ་བྱེད་པའི་བློས་བསླང་ན།། ཕལ་ཆེར་ངན་འགྲོའི་རྒྱུ་རུ་འགྱུར་བར་གསུངས། ། ཞེས་དང་། ལས་དབང་བཙན་པོ་སུས་ཀྱང་བཟློག་ཏུ་མེད།། འདི་སྣང་མནོ་བསམ་ཐོག་ཏུ་ཁེལ་བར་དཀའ།། སྐྱབས་ལ་བློ་གཏད་ལས་ཀྱིས་གང་འཕྲད་པ།། བདག་གིར་བྱ་ཞིང་ཆོས་སུ་འཁྱེར་བ་བྱ།། ཞེས་སོགས་ཀྱིས་མཚོན་པའི་ཁོང་གི་བསླབ་བྱ་འགའ་ཞིག་ཞིབ་ཏུ་བཀླག་ཅིང་བསམ་པ་ན་གསུང་ཟུར་ཁ་ཤས་རང་ལ་ཆེད་དུ་གདམས་པ་ལྟར་རྣག་ཐོག་ལ་ཁབ་ཟེར་བ་ལྟ་བུ་ཞིག་བྱུང་བས་ད་ནི་བསླབ་བྱའི་དོན་འདི་བཞིན་བྱུང་ན་ཅི་མ་རུང་ཨང་སྙམ་དུ་དེ་རིང་སེམས་ལ་ངལ་གསོ་སྐྱིད་པོ་ཞིག་ཐོབ། 2017/7/23ཉིན།