ཕ་བུའི་བརྩེ་དུང་གི་གཏམ་རྒྱུད།

美友12358097

རྩོམ་པ་པོ། ཚེ་རིང་སྐྱིད།

ངས་ཁྱེད་ལ་མྱ་ངན་དང་རྗེས་དྲན་ཞུ།

དྲོད་སྣང་དབེན་པའི་ས་མཐའ་འདིར།

ཁྱེད་ཉིད་དྲན་དྲག་པའི་མིག་ཆུ་སྐམ་མྱོང་མེད།

མཚན་ལྗོངས་ཀྱི་ཟླ་བ་གོར་གོར་ཁེར་རྐྱང་གིས་འཚེར་དུས།

སྒེའུ་ཁུང་ཕྱི་རོལ་གྱི་ལྷིང་འཇགས་སྒོམ་ཞོར།

འཇིག་རྟེན་གཞན་ཞིག་གི་ཁྱེད་ཀྱི་འདས་དོན་དྲན།

ཨ་ཕ། རེ་བ་དང་དྲན་གདུང་རུམ་ལ་བཅུག་ནས།

རེ་སྒུག་གི་ལོ་ཟླ་ཕར་ལ་བསྐྱལ།

གྲོང་ཁྱེར་གྱི་གྲུ་ཟུར་རེ་རེ་ནས།

མི་ཚོགས་ཀྱི་ལྟག་རྒྱབ་རེ་རེ་ནས།

ང་དང་འདྲ་བའི་ན་མཉམ་ཚོ་མཐོང་དུས།

དགུན་ཟླ་ལས་གྲང་བའི་ཁྱེད་ཀྱི་སེམས་ཁམས།

ན་ཟུག་ཁྲི་སྟོང་གིས་གཙེས་ཏེ།

སྡུག་ཡུས་ཀྱི་མིག་ཆུའི་བརླན་མྱོང་བ་བསམ་ན།

ང་ལ་ནོངས་འགྱོད་ཀྱི་ཚོར་བ་ཧ་ཅང་ཆེ།

ཨ་ཕ། ངས་ཁྱེད་དང་ཨ་མ།

ད་དུང་ཧ་ཅང་མང་པོ་ཞིག

ཡིད་ཆེས་དང་སྤོབས་པའི་སྒོ་ནས་བློས་གཏོང་བྱས།

རི་བོ་རྐང་ཐང་གིས་བརྒལ་བའི་ཞབས་རྗེས་དེ་འཚོལ་ཕྱིར།

ཁ་རོག་གེར་ཕ་ཡུལ་ནས་འཐེན་པའི་རྒྱང་རིང་གི་རི་གྲོང་ལ་གོམ་ཁ་བསྒྱུར།

དེ་དུས་ཁྱེད་དང་ཨ་མས།

བུ་མོ་ངའི་རྨི་ལམ་སྙིང་རྗེ་བོ་དེའི་ཕྱིར།

མི་ལོ་བཞི་བཅུར་རང་དགར་མ་ཤོར་བའི་སྤྱན་ཆབ་ཀྱང་།

རེ་རེ་བཞིན ཉིན་ཞག་དང་ལོ་ཟླའི་ཕྲག་མགོར་ལྷུང་།

ཨ་ཕ། དུས་ཚོད་ཀྱི་གོམ་དགྲོས་ནག་པོས།

ཁྱེད་ཀྱི་ན་ཚོད་ཟས་ཞིང་། ཁྱེད་ཀྱི་ཚེ་སྲོག་འཕྲོག

རེ་སྒུག་དང་སྐྱོ་གདུང་གི་བར་ནས།

ཁྱེད་ཀྱི་སྤྱན་ཟུང་བཙུམས་ཤིང་།

ཞེན་ཆགས་དང་ཕྱིར་མིག་གི་ཁྲོད་ནས།

ཁྱེད་རང་ཕྱི་མར་འགྲིམས་སོང་།

འཐིང་སྨུག་སྦྲ་ཆུང་དང་འདོ་རིག་རྟ་ཕོ།

ལ་ཁའི་ལབ་ཙེ་དང་གཡང་འཁོར་བསང་ཁྲི།

ཁུ་སིམ་མེར། སྟོང་ལྷང་ངེར།

ད་དུང་ཨ་མ་དང་ཕུ་ནུ་ཚོ་སྐྱོ་ལྷང་ངེར།

ཁྱེད་མེད་པའི་ལོ་ཟླའི་བར་ན་གཉོམ་ཆུང་ཞིང་།

ཁྱེད་མེད་པའི་ཁང་ཁྱིམ་དུ་སྐྱོ་བས་གཟིར།

ཁྱོད་རང་འཇིག་རྟེན་གཞན་ཞིག་ལ་ཆས་ནས།

མི་ལོ་དེ་ཙམ་ཕྱིན་ཡང་།

ལོ་ངོ་འདི་དག་གི་རིང་ལ།

ཁྱེད་ཀྱིས་གནང་བའི་བྱམས་བརྩེ།

ཁྱེད་ཀྱིས་བཞག་པའི་བག་ཆགས།

ངའི་རྨི་ལམ་གྱི་བྲང་གཞུང་ན་རྟག་ཏུ་འཁོར་བས།

ཁྲ་ཆུང་གི་མིག་མཐའ་རུ་སྐམ་མི་ཐུབ་པའི་མཆི་མའི་མཚོ་མོ་འཁྱིལ།

ཁ་བ་བཞུད་ཅིང་ཆར་བ་འབབ་པའི་དུས་ལ།

མེ་ཏོག་གི་འཛུམ་མདངས་ཡང་བསྐྱར་བཞད་ཀྱང་།

ཕ་ལོའི་ཚེ་ཡི་རླུང་རྟ་དབྱངས་ལ་འཐོར་བ་བསམ་ན།

དབྱར་དགུན་སྟོན་དཔྱིད་དུ་ཁྱེད་ཉིད་དྲན་འོངས་ལ།

དྲན་གདུང་གི་ན་ཟུག་དང་སྡུག་ཡུས་ཀྱི་མིག་ཆུ། ནོངས་འགྱོད་ཀྱི་ཕངས་སེམས།

ད་དུང་ཡང་ངའི་འཇིག་རྟེན་དང་བྲལ་མེད།

ཨ་ཕ། ཁྱེད་ཀྱི་དབུ་སྐྲ་དཀར་པོ་དང་ཞལ་རས་སྐྱ་བོ།

ཁྱོད་ཀྱི་ཕྱིར་མིག་དང་རེ་སྒུག་གསོན་པོས།

ཕྱི་ཡུལ་དུ་གྱར་བའི་བུ་མོ་ནོངས་འགྱོད་ཀྱིས་བཟི་འགྲོ་ལ།

ཕ་ཡུལ་དང་རྒྱང་དུ་གནས་པའི་བུ་མོ་ང་གདུང་བ་ཡིས་སྣུབས་འགྲོ

ཨ་ཕ། གཞན་ཡུལ་ནས་སེམས་པར་སྟོབས་ཤུགས་བསྩོལ་མཁན་གྱི་ངའི་རྒྱབ་རི་སྨུག་པོ།

ཨ་ཕ། མི་ཡུལ་ནས་ང་རང་དམ་པོར་སྲུང་མཁན་གྱི་སངས་རྒྱས་ཀྱི་དཔའ་རྟུལ།

བྱམས་བརྩེ་དང་ལྷག་བསམ།

རེ་སྒུག་དང་སྨོན་ལམ་ཡོད་ཚད་ཁུར་ནས་གྱེས་ཟིན་པས།

དྲན་གདུང་གི་ན་ཟུག་དང་སྡུག་ཡུས་ཀྱི་མིག་ཆུ།

ད་དུང་ཡང་ངའི་འཇིག་རྟེན་དང་བྲལ་མེད།

སྨིན་མ་ཐུབ་པའི་ལང་ཚོའི་རེ་བཞག

ཨ་ཕའི་མཇལ་འཛོམས་ལ་སྒུག་ཀྱང་།

འཆི་བདག་གི་བཀའ་བརྡ་རླུང་འཚུབ་བཞིན་རྩུབ་ལ།

དུས་ཚོད་ཀྱི་འཇིགས་སྣང་ཆུ་བོ་བཞིན་བཞུར་བས།

ཡབ་ཆེན་ཁྱེད་བཙན་གྱིས་ཁྲིད་སོང་ཨཱང་།

ཉམ་ཐག་གི་སྨྲེ་ངག་ལན་ཅིག

མུན་ནག་གི་མཚན་ལྗོངས་ནས་ཉམ་ཐག་ངང་།

རི་ལུང་གི་བྲག་ཅར་འཁྱིལ་ལ།

བུ་མོ་ངའི་སེམས་གཏིང་ན་ལྗིད་ཏིག་ཏིག་གི་རྨ་ཁ་ཆེ་ལ།

སྨིན་ལ་ཉེ་བའི་ང་མུན་པ་དང་གདུང་བས་ཟོས་སོང་།

ཨ་ཕ། དྲང་བདེན་ལ་ཞེན་པའི་ལྷ་ཚོགས་ཚོས།

བར་དོ་དང་མཁའ་དབྱིངས་ནས།

ཁྱེད་ཀྱི་ལས་འབྲས་ལ་དྲང་བདེན་གྱི་ཐམ་ཀ་བརྒྱབས་ཟིན།

འདི་ལྟར་བསམ་ན་ངས་ནམ་རྒྱུན་དུ།

འཁྲེང་ཞེན་གྱི་སེམས་འགྱུ་བར་ནས།

སྐྱོ་བ་མཐའ་དག་མེ་ལ་སྤར་ཏེ།

གདུང་བ་ཡོད་ཚད་ཆུ་ལ་གཡུགས་ནས།

དུས་རབས་ཀྱི་རླུང་ཁ་རུ་སྤུར་བའི་རིགས་རྒྱུད་ཅིག་དང་།

གོ་ལའི་སྒལ་བ་རུ་ཞབས་རྗེས་གསེར་ཐམ་ལ་འགོད་མཁན་ཞིག་དྲན་ཞོར།

སྡུག་ཡུས་དང་འགྱོད་སེམས་ཀྱིས་ཉོས་པའི་ཤེས་པ་ཞིག་ཁྱེར་ཏེ།

ང་དང་ཕ་ལོ་ལྟ་བུའི་རིགས་རྒྱུད་ཅིག་གི་ལས་སྐལ་དང་།

ཕ་བུའི་བརྩེ་དུང་གི་གཏམ་རྒྱུད་འབྲི་བཞིན་ཡོད་པས།

ཡབ་ཆེན་ལགས

བདེ་བར་གཟིམས་རོགས།