<h3>མགར་རྒད་པོའི་ཁ་བརྡ་ཐོར་བུ།</h3> <h5> གཟའ་མཇུག་གནས་སྐོར་ལམ་བར་ཅོ་ནེ་ས་ཆར་སྦྱར།</h5> <h1> སྟོང་ཉིད་བདེན་གྲུབ་ཏུ་འཛིན་པ་ཆེས་མི་རིགས།<br /> བཀའ་གདམས་ལེགས་བཤད་གསེར་གྱི་ཕྲེང་བ་འདི། །འགྲོ་བ་སུ་ཡིས་བགྲང་ཡང་དོན་ཡོད་འགྱུར། །ཤེས་པ་ནི། ཡུལ་ལ་འཇུག་པའི་གསལ་རིག་གི་ངོ་བོ་ཞིག་ལ་ཟེར། ཆོས་དང་ཆོས་མིན་གྱི་གནམ་ཐིག་ཉོན་མོངས་ཀྱི་གཉེན་པོར་སོང་མ་སོང་ལ་གསུངས། ཨ་མྲའི་འབྲས་བུའི་ནང་མ་སྨིན་ཕྱི་སྨིན་པ་ལྟར། ནང་གི་རྟོགས་པ་མ་སྨིན་ཡང་ཕྱིའི་ཚུལ་ཁྲིམས་གཙང་པས་ཀྱང་གཞན་ལ་གནོད་པ་མི་འབྱུང་། དཔེར་ན། དམུ་རྒོད་རྣམས་ཁྲིམས་ཀྱིས་གཅུན་པ་དང་མཚུངས། ཚུར་ཁྱི་རྒན་ཟེར་བའི་ལན་ལ། ཕར་རྐུན་མ་མི་ཟེར་བ། ཚུར་གཅིག་བརྡེག་ན། ཕར་གཉིས་མི་བརྡེག་པ་ཆོས་པའི་ཁྱད་ཆོས་ཡིན། རང་སྐྱིད་པའི་ཆེད་དུ་གཞན་རྒུད་ན་དང་ཤི་ན་བསམ་པ་སྡིག་ནག་པོའི་སྟེང་ནས་སྐྱིད་འཚོལ་བ་ཡིན། ལུས་ཀྱི་དགེ་བ་ནི་ཕྱག་སྐོར་སོགས་རྐྱང་བ་མིན། ལུས་ཀྱི་སྤྱོད་ལམ་ཡག་པ་སྣ་ཚོགས་པར་ཡང་ཟེར། དྲང་བདེན་གྱི་བྱ་བར་སྙིང་རུས་དཀའ་སྤྱད་མི་བཟོད་པར་ལེ་ལོ་གཡོ་སྒྱུའི་བྱ་བར་དཀའ་སྤྱད་བཟོད་པ་ནི་བཟོད་པ་གོ་ལོག་ཡིན། གསེར་དངུལ་མཛོད་ཀྱིས་ཡིད་མི་ཚིམ་པའི་མི་སྙིང་མི་རྗེ་བར། ཆོས་ཕྱིར་དཀའ་བ་སྤྱོད་པའི་མིར་སྙིང་རྗེ་སྐྱེ་བ། སྙིང་རྗེ་གོ་ལོག །སེམས་ཅན་མང་པོར་ཕན་པའི་ལུས་སེམས་ཅན་གཅིག་གི་ཆེད་དུ་བཏང་ན་དོན་ཆུང་། རང་སྲོག་རང་གིས་གཅོད་པ་ནི། སེམས་མ་ཐུལ་བའི་མངོན་རྟགས་གཙོ་བོ་ཞིག་ཡིན། ཁོང་ཁྲོ་བཏུལ་ན་དགྲ་ཐམས་ཅད་བཏུལ་བ་ཡིན། སྐྱབས་རྗེ་ཕ་བོང་ཁ་བ་ཁོང་གིས་རྩ་སྒྲུབ་ལོ་གཅིག་ལ་སྦྱངས་པས་མཛུབ་མོར་བུ་ག་རྡོལ་ཞིང་སམ་ཊ་གཉིས་གསུམ་ཟད་ཀྱང་ཉམས་ལེན་ལ་མ་ཕན། གསུངས། རྗེ་བླ་མའི་ལམ་སྔགས་གཉིས་ཟུར་དུ་བཞག་ནས་མན་ངག་འཚོལ་བ་ནི། མན་ངག་ཡོད་སར་མི་བཙལ་བར་མེད་སར་བཙལ་བ་ཡིན། རྗེ་བླ་མའི་ལམ་སྔགས་གཉིས་ཀྱི་རྣམ་གཞག་ནི། ལྟ་སྒོམ་སྤྱོད་གསུམ་ཐམས་ཅད་ཀྱི་དགོངས་པ། སངས་རྒྱས་ཀྱི་ཞལ་ནས་གསུང་པའི་བཀའ་དང་པཎ་གྲུབ་མཐར་ཐུག་གི་གསུང་ལ་གཏུགས་ནས་དཔང་པོ་མཛད་པ་ཡིན། དོན་འགའ་ཞིག་ཚིག་གིས་འཆད་ཐབས་མེད་ཀྱང་མྱོང་པས་ཟིན་ཐབས་ཡོད། གློད་རབ་སྒོམ་རབ་ཏུ་འཁྲུལ་ན་ཚེ་ཕྱི་མ་ཕར་ཟད། ཚེ་འདིར་ཡང་བརྗེད་ངས་ཆེ་བ་དང་ཤེས་རབ་མི་གསལ་བར་འགྱུར། དེ་ཕྱིར་པི་ཝང་གི་རྒྱུད་སྐུད་དམ་དྲག་རན་པས་སྒྲ་སྙན་མོ་མི་འབྱུང་བ་ཤེས་དགོས། བྱིང་བ་སྒྲིམ་པས་གཅོད་དགོས། རྒོད་པ་གཡེང་པས་གཅོད་དགོས། ས་པཎ་གྱིས། བླུན་པོས་ཕྱག་རྒྱ་ཆེ་སྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་འགྱུར། །ཡང་ན་ཉན་ཐོས་འགོག་པར་ལྟུང་། །ཡང་ན་གཟུགས་མེད་ཁམས་སུ་སྐྱེ། །གསུངས། ལྟ་བ་མཐར་ཐུག་ཅེས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཡིན་ཚུལ་རྒྱ་གར་གྱི་པཎ་གྲུབ་དང་སངས་རྒྱས་ཁོ་རང་གིས་གསུངས་པ་ཡིན། དགག་བྱ་ངོས་མ་ཟིན་ན། བདག་མེད་སྒྲུབ་བྱེད་ཀྱི་རིགས་མང་པོ་བཏང་ཡང་། རྟེན་འབྲེལ་བཤིག་པའི་ཆ་རྐྱེན་དུ་འགྱུར་ཉེན་ཆེ། གསུངས། སྟོང་ཉིད་བདེན་གྲུབ་ཏུ་འཛིན་པ་ཆེས་མི་རིགས། མདོ་ལས། བདག་ཏུ་འཛིན་པ་རི་རབ་ཙམ་དུ་འཛིན་པ་ནི་སླ་ཡི། སྟོང་ཉིད་བདེན་པར་གྲུབ་པ་ནི་དེ་ལྟ་མ་ཡིན་ནོ། །གསུངས། བརྗོད་བྱ་འདི་དོན་གཞན་ན་མ་མཆིས་པས། །རྗོད་བྱེད་འདི་ཡང་དེ་འདྲར་མཁྱེན་པར་མཛོད། །ཚིག་མགོ་འབྲོམ་སྟོན་རྒྱལ་བའི་བཀའ། །ཚིག་རྔ་འགྲོ་མགོན་འཕགས་པའི་གསུང་། །འདི་ལ་ཡི་དམ་བྱས་གྱུར་ན། །བཀའ་གདམས་བྱིན་རླབས་སྙིང་ལ་འཇུག །</h1>