༄༅།། རིགས་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་

གྲཊ་པ་ལ་བསྟོད་རྩོམ་མེ་ཏོག་དཀར་པོ།

རྣམ་དཔྱོད་མཁའ་ལྟར་ཡངས་པའི་རིགས་པ་ཡི་དཔའ་བོ།།

ཉམས་རྟོགས་ཀློང་དུ་རྡོལ་བའི་བྱིན་རླབས་ཀྱི་གཏེར་མཛོད།།

ལྟ་ངན་མུན་པའི་དཔུང་ཚོགས་ལྷག་མེད་དུ་འཇོམས་པའི།།

སྨྲ་བ་ཟླ་མེད་ཕྱོགས་གླང་ཡབ་སྲས་གཉིས་བསྟོད་དོ། །

_____རྨི་ལམ་དམར་པོ།

གནས་མཆོག་རྡོ་རྗེ་གདན་གྱི་ཞིང་ཁམས་ནས།།

འཆད་རྩོད་རྩོམ་གསུམ་ཐུགས་ལ་རབ་རྒྱས་པའི།།

གཞན་སྡེ་རིགས་པས་ཚར་གཅོད་ཨེ་མ་མཚར།།

རིགས་པའི་དཔའ་བོ་ཁྱེད་ཉིད་གུས་པས་འདུད།།

_____ཨ་ཧོའི་སྐར་མདའ།

གཏན་ཚིག་རིག་པའི་འོད་སྣང་སྤྲོས་པ་འདིས།།

སྨྲ་ངན་སྲིན་བྱའི་འདྲེན་བྱེད་ཀུན་བཅོམ་ཞིང་།།

ཐར་འདོད་པད་མོའི་གཉེན་ལ་འདོད་སྟེར་བའི།།

ཕྱོགས་གླང་ཡབ་སྲས་འགྲོ་བའི་སྒྲོན་མེའི་ཟླ།།

_____བདེན་འཚོལ།

རྒོལ་ངན་ཚར་གཅོད་མཁས་པས་རློམ་སེམས་བྲལ་བའི་དཔ༵ལ།།

གྲོལ་ལམ་རྟ་ལ་ཞོན་པས་རྣམ་དཔྱོད་ཟླ་མེད་ལྡ༵ན།།

ལྷ་བཅས་འགྲོ་མགོན་གཙུག་ན་ལྷམ་མེ་ཆོ༵ས་ཀྱི༵་གྲ༵གས།།

དམན་པ་བདག་གིས་མིག་ཆུ་ཤོར་བཞིན་མགོ་བོས་བསྟོད།།

_____བློ་ཉི་མ།

བདེན་བཞི་བླང་དོར་རིགས་པའི་གཞུང་ལུགས་ལ།།

བརྟེན་ཕྱིར་མ་རྟོག་ལོག་རྟོག་སོམ་ཉི་བཅོམ།།

རྒྱལ་བའི་བསྟན་དང་སྟོན་པ་རྒྱལ་བ་ལ།།

རྩེ་གཅིག་ཡིད་ཆེས་དྲངས་བའི་ཆོས་ཀྱི་གྲགས།།

______བློ་བཟང་རྒྱ་མཚོ།

ཕྱི་རོལ་མཁས་པ་ཚན་རིག་སྨྲ་བ་སོགས།།

ངལ་བ་ཙམ་ལས་དཔོག་དཀའི་བླང་དོར་གནད།།

ཇི་བཞིན་སྟོན་པར་ཟླ་མེད་འཛམ་གླིང་རྒྱན།།

རིགས་པའི་དབང་ཕྱུག་རྣམས་ལ་གུས་པས་འདུད།།

______ལན་དཀར་ཚ་རྒྱུད།

མཁྱེན་པའི་ཤེས་རབ་བརྩེ་བའི་གཤོག་གི་ཟུང་།།

འདྲེན་པར་མི་བཟོད་ལྷ་ལམ་དབྱིངས་སུ་འཕགས།།

ལྟ་ཟེར་རིགས་པ་སྟོང་གི་འོད་ཟེར་ཅན།།

འཕགས་ཡུལ་པཎ་གྲུབ་ཆོས་ཀྱི་གྲགས་པ་རྒྱལ།།

_____གཞི་བདག

ཡང་དག་རྣམ་དཔྱོད་ཡོངས་སུ་མངའ་ཞིང་གཟུར་གནས་ཡིད་འཕྲོག་མཚན་དཔེའི་གསལ། །

ཟབ་མོའི་གནས་ལུགས་དབྱངས་ལ་དྲངས་པའི་དབྱངས་ཅན་ལྷ་མོ་མགྲིན་པར་བཞུགས། །

བསླབ་གསུམ་ཉམས་ལེན་བཅུད་ཀྱིས་གཏམ་ཞིང་མཁྱེན་བརྩེ་ནུས་པས་ང་ཅག་འདྲེན། །

གླིང་བཞི་མུན་སེལ་རིགས་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་གྲགས་པར་འདུད། །

______ འོད་དམར།

འཇིགས་རུང་འཁོར་བའི་གནས་སུ་ཞུམ་མེད་ཀྱིས། །

བརྩེ་བས་མཁའ་མཉམ་འགྲོ་ལ་བདེན་བཞིའི་དོན། །

ཇི་བཞིན་འདོམ་ལ་ཟླ་མེད་བློ་གྲོས་ཅན། །

རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པར་འདུད། །

______རཏྣ་པུ་ཊ།

འཇིག་རྟེན་མིག་འབྱེད་ཕྱོགས་ཀྱི་གླང་པོ་ཞབས། །

རིག་པའི་དབང་ཕྱུག་ཆོས་ཀྱི་གྲགས་པའི་དཔལ། །

མཐའ་འཁོབ་སྒྲོན་མེ་རྒྱལ་ཚབ་ཐམས་ཅད་མཁྱེན། །

འགྲན་བྲལ་སྨྲ་བའི་དབང་ཕྱུག་རྣམས་ལ་འདུད། །

_____བྱང་གྲོལ་གྱིས།

སྤྱི་ལོ་༢༠༡༧ལོ་ཟླ་བ་༧པའི་ཚེས་༥ཉིན་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པ་མཇུག་ལེགས་པར་གྲུབ་པའི་ཉིན། ཆོས་གྲོགས་འགའ་ཡིས་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་རྩོམ་ཞིག་གི་ཚུལ་དུ་ ཕུལ་བ་དགེའོ།།

རང་བྱུང་གི་ཁོར་ཡུག ལྷད་མེད་ཀྱི་སྨན་མཆོག།