ཞུ་འཛིན།

རྒྱལ་བསྟན་རྒྱས་ཡུལ་སེ་ར་ཐེག་མཆོག་གླིང་། །

མཇལ་ནས་མིག་ཆུའི་ཐིགས་ཕྲེང་ཤར་རེ་བ། །

སྐྱེས་ཞེས་བརྗོད་པར་སྤོབས་པ་མི་ལྡན་ཡང་། །

གདོད་ནས་སྐྱེས་པའི་འདུན་པ་ཆུང་ངུ་འདིས། །

གློ་སྙིང་རྒྱུ་བའི་མཚམས་ནས་ཁྲག་ཐིགས་ཟགས། །

བསྟན་པའི་སྲོག་ཤིང་འཛིན་པའི་སྐུ་གཅིག་པུའི། །

བཞུགས་གནས་གསེར་ཁྲི་མཇལ་བའི་སྐད་ཅིག་མར། །

ཅོལ་ཆུང་སྙོམས་ལས་སྒྲུབ་པའི་ད་ལྟ་ཡི། །

རྨོངས་བུ་བདག་གི་གནས་བབ་བསམ་བཞིན་དུ། །

ལུས་སེམས་འགལ་འདུའི་ཁྲོད་ནས་ཁྲག་ཐིགས་ཟགས། །

གདོད་ནས་བསྟན་འཛིན་སྐྱེས་བུའི་མཛད་པ་བཞིན། །

བསྟན་པ་འཛིན་པའི་ཁུར་ཆེན་མི་ཐེག་རུང་། །

སྲོག་ཤིང་དགུང་ལ་རྒྱས་པའི་རྒྱལ་བསྟན་འདི། །

དངོས་དང་བརྒྱུད་ནས་མི་བཤིག་དམ་བཅའ་བས། །

བླ་མ་འགྲོ་བའི་མགོན་གྱིས་སྐྱབས་མཛོད་ཅིག །

དེ་ལྟར་བསམ་ཞིང་ལུས་ངག་ཡིད་གསུམ་ནས། །

སྐྱབས་མགོན་བླ་མའི་བཀའ་དྲིན་དྲན་བཞིན་དུ། །

ལག་ལེན་གསེར་གྱི་ཐིགས་པས་ནན་བསྟར་ཏེ། །

རྒྱལ་བའི་བསྟན་པ་དགུང་དུ་རྒྱས་སླད་དུ། །

རང་ནུས་ཅི་ལྕོགས་བསྒྲུབ་པར་བྱིན་གྱིས་རློབས། །

ཞེས་པ་འདི་ཡང་སེ་ར་ཐེག་ཆེན་གླིང་མཇལ་བའི་སྐད་ཅིག་མར་ཡིད་ལ་དགའ་སྐྱོ་འདྲེས་མ་འཕྱུངས་བ་དག་སྐབས་ཕྲལ་དུ་བྲིས་པའོ།