དགོན་པའི་སྒྲུབ་མཆོད་ནི་རྒྱ་བླ་ཚོ་ཕྱུག་པོར་གཏོང་བའི་ཆེད་ཡིན་ནམ།

རྩོམ་པ་པོ། ཐུབ་པའི་རྗེས་རབས།

ད་ཆ་སྤྱི་ཚོགས་ཁྲོད་ཀྱི་དགོན་སྡེ་ཁག་གི་འགྲོ་སྟངས་ལ་འདང་རེ་བརྒྱབ་ན་མིག་ཟུང་མ་བཙུམས་ཀྱང་མཆི་མ་སེམས་ལ་ལྟུང་། རྨ་ཁ་མ་བཟོས་ཀྱང་ན་ཟུག་སྙིང་ལ་ལྡང་། དེ་ནི་དོན་དངོས་གནས་བཤད་ན་ལོ་རེ་རེར་དགོན་པས་རིམ་འགྲོ་འཚོགས་ནའང་འདྲ། འདས་མཆོད་ས་ག་ཟླ་བ་གང་དང་གང་འཚོགས་ཀྱང་རྔམ་རྔམ་རྫིག་རྫིག་གི་རྒྱ་བླ་འགས་འཁྲབ་སྟོན་བྱས་ནས་རྒྱ་མི་དང་མགོ་སེར་འགའ་རེ་ཁྲིད་དེ་དགོན་པའི་གྲྭ་བ་དག་ཚོང་རྒྱུ་རྐྱང་རྐྱང་བྱས་ནས་རང་ཉིད་ཕྱུག་པོར་གཏོང་ན་ཡང་། དགོན་པའི་ལས་སྣེ་བ་དང་གྲྭ་བ་དག་གིས་རང་ལ་སྒོར་མོ་མང་པོ་ཞིག་སྦྱིན་རྒྱུ་རེད་སྙམ་ནས་རྒྱ་བླ་དག་ལ་ཅི་འདོད་འདོད་བྱེད་དུ་འཇུག་ནས་སྡོམ་ཤོར་དང་དམ་ཉམས་དག་ཡར་ཁྲི་ཐོག་དང་། དགོན་པ་ལ་བསམ་དཀར་བ་དག་གྲལ་མཐར་འདུག་ཏུ་བཅུག་པས་སྣང་ཚུལ་འདི་བཟོད་བསྲན་མ་ཐུབ་པར་ད་ཆ་ཡང་ཡི་གེ་ཞིག་བྲིས་པ་ཡིན།

དེ་ནི་ངས་མི་ཁ་གཅིག་གཉིས་ཀྱི་རྗེས་འབྲང་བ་མིན་པར་མ་ཟད། དུས་ཐུང་ཐུང་ཞིག་ལ་གནད་དོན་ཆུང་ཆུང་ཞིག་གིས་ང་ལ་འུར་བསླངས་བ་དེ་བས་ཀྱང་མིན། དེས་ན་དགོན་པའི་འགྲོ་སྟངས་འདི་ལྟ་བུ་མེད་པར་བྱས་མ་ཐུབ་ན་སྔར་རྒྱ་བླ་བྱུང་མྱོང་པའི་དགོན་སྡེ་དེ་དག་དང་འདྲ་བར་རྙོག་འཛིང་དང་དགོན་པ་ཁ་འཐོར་དུ་གཏོང་རྒྱུ་ཡིན་པ་གཏན་འཁེལ་རེད། གང་ན་རྒྱ་བླ་ཡོད་ན་དེ་རུ་རྙོག་འཛིང་ཞིག་ཡོད་ངེས། དཔེར་ན་ཁྲི་རྩོད་རྒྱུ་ལྟ་བུ། ཡང་ན་བུད་མེད་རྩོད་རྒྱུ་ལྟ་བུ་མང་དུ་བྱུང་བ་འདས་སོང་ལོ་རྒྱུས་ལ་ལྟས་ན་གསལ་ངེས།

དེས་ན་དམ་ཉམས་དང་སྡོམ་ཤོར་འདི་དག་རྩ་མེད་དུ་མ་གཏོང་ན་མཇུག་འབྲས་ནི་དགོན་པ་དབེན་པ་མ་ཡིན་པར་འགྱུར་ཏེ་འཁྲབ་སྟོན་ཁང་ཞིག་གམ་ཡང་ན་སྡོམ་ཤོར་འཚོགས་སའི་གནས་ཤིག་ཏུ་འགྱུར་ཡང་སྲིད། ཡང་ན་རྗེས་རབས་པ་དག་གིས་ཐུབ་པའི་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མི་བྱེད་པར་རྒྱ་བླར་འགྱུར་ཏེ་རྒྱ་མི་དང་མགོ་སེར་དག་ལ་མགོ་གཡོག་མགོ་སྐོར་གྱི་ཆོས་འཁོར་བསྐོར་ནས་ཐུབ་པའི་རྗེས་རབས་དག་གིས་ཐུབ་པའི་བསྟན་པ་མི་འཛིན་པར་མཐར་རང་བསྟན་རང་གིས་བཤིགས་ཞེས་གསུངས་པ་ཅི་བཞིན་དུ་འགྲོ་ངེས། དེས་ན་ང་ཚོ་རྗེས་རབས་པ་དག་གིས་ཐུབ་པའི་བསྟན་པ་འཛིན་རྒྱུ་ནི་འོས་འགན་ཞིག་དང་འགན་འཁྲི་ཞིག་ཡིན་པའི་བསྟན་དགྲ་དམ་ཉམས་རྒྱ་བླ་དག་མཐར་སྐྲོད་གཏོང་དགོས།

དེ་རིང་བཤད་པར་བྱ་བ་ནི། རྒྱ་བླས་འཁྲབ་སྟོན་གྱི་གཡུལ་དངོས་རྒྱ་བླ་སྡོམ་ཤོར་ཁྲི་ཐོག་ལ་ཕུད་པ། བུད་མེད་རྩོད་པ། ཁྲི་རྩོད་པ། དགོན་པ་ཁ་ཁར་གཏོང་བ་སོགས་མིན་པར་དགོན་པའི་སྒྲུབ་མཆོད་འཚོགས་སྐབས་སྡོམ་ཤོར་རྒྱ་བླ་དག་ཁྲི་ཐོག་ལ་ཕུད་པའི་ཐོབ་ཐང་ཡོད་མེད་སྐོར། སྤྱིར་རྒྱ་བླ་དག་ནི་དགོན་པའི་ཁྲི་ཐོག་ལ་བུད་པའི་ཐོབ་ཐང་གཞི་ནས་མེད་དེ། ང་ཚོར་དགོན་པའི་ཁྲི་ནི་ཉམས་ལེན་དང་རྟོགས་པས་ཕྱུག་པའི་རྫུན་གཡོ་དང་བྲལ་བའི་མི་ཞིག་འདུག་ས་ཡིན་པ་ལས་བུད་མེད་དང་བྱིས་པ་ཡོད་པའི་ལུག་ལྤགས་གྱོན་པའི་སྤྱང་ཚོགས་ཤིག་གཞི་ནས་འདུག་ས་མེད། ད་དུང་རང་གི་སྤྱོད་པའི་བུ་མོ་ཡང་རིགས་མ་ཡིན་ཚུལ་ལབ་ནས་ཁྲི་རེ་བརྒྱབ་ནས་བཟའ་ཟླ་གཉིས་ཀས་ང་ཚོ་གྲྭ་བ་དག་གི་མགོ་སྐོར་བ་མང་དྲགས་པས་ང་ཚོ་གཞི་ནས་སད་རན།

ཡང་འགའ་ཞིག་གིས་ངས་དགོན་པ་འདི་གསོ་བཞིན་ཡོད། ཟས་གོས་སོགས་ཟླ་ཕོག་སྦྱིན་བཞིན་ཡོད་ཅེས་སྟོང་ལབ་རེ་བརྒྱབ་ནས་སྒོར་འགའ་རེ་སྦྱིན་བཞིན་པའི་འདྲ་པར་རེ་དང་རང་ཉིད་ཁྲི་ཐོག་ཏུ་འདུག་པའི་པར་རེ་སྐུར་ནས་དངུལ་བྱང་ནང་སྒོར་མོ་ཆར་འབབ་འབབ་བྱས་ནས་རང་ཉིད་ཕྱུག་པོར་གཏོང་བཞིན་ཡོད། རྒྱ་མི་ཚོའི་གྲྭ་བ་དག་ལ་སྒོར་ཁྲི་ཕྲག་རེ་སྦྱིན་ན་རྒྱ་བླས་འགའ་ཞིག་གྲྭ་མང་ལ་སྦྱིན་དེ་འགའ་ཞིག་རང་གི་ཆུང་མ་དང་བུ་ཕྲུག་ལ་ཁང་བ་ཆེན་པོ་རེ་བཟོས་ཏེ་ལྐོག་ནས་ཟ་བཞིན་པ་རེད། དེ་ལྟར་མ་ཡིན་ན། རྒྱ་བླའི་རླངས་འཁོར་དང་ཁང་བ་རྫིག་པོ་དག་གནམ་ནས་འབབ་པ་མ་ཡིན་ནམ། ཡང་ན་རྐུས་པ་མ་ཡིན། ཐེངས་ཞིག་ང་རང་གིས་དངོས་སུ་མཐོང་བའི་རྒྱ་བླ་ཆུང་ཆུང་ཞིག་གི་བྱ་སྤྱོད་ཅིག རྒྱ་མི་ཞིག་གིས་ངའི་བུ་ཡིས་སྤྱི་ཟླ་དྲུག་པའི་ནང་ལ་རྒྱུགས་སྤྲད་བཞིན་ཡོད་པས་ཁྱེད་ཀྱིས་དགོན་པ་ལ་འདོན་བྱ་ཞིག་འབྲི་རོགས། ཞུ་རྟེན་སྒོར་ལྔ་བརྒྱ་འཕྲིན་ཕྲན་ལམ་ནས་ཁུག་དམར་རམ་ཤོག་ཆགས་红包སྐུར་ཐལ། ་རེད་དེ། རྒྱ་བླ་ཆུང་ཆུང་དེས་སྒོར་བཞི་བརྒྱ་རང་གིས་བཟུང་སྟེ་དགོན་པ་ལ་སྒོར་བརྒྱ་ལས་སྦྱིན་མ་སོང་། ཅི་འདྲའི་དགོད་བྲོ་བའི་བྱ་སྤྱོད་ཅིག་རེད། བྱ་སྤྱོད་འདིས་ཁྱེད་ཅག་གིས་རྒྱ་བླ་ལ་རྒྱུས་ལོན་ཙམ་ཞིག་བྱེད་ན་མི་ཆོག་གམ།

2017/6/26 ཉིན་ལ་ངག་དབང་རྒྱ་མཚོའམ་ཉི་མ་ཚེ་རིང་རུ་འབོད་པས་བྲིས་པ།