ཡིག་འབྲི་པ། རྫོགས་ཆེན་ཀུན་བཟང་རིག་འཛིན་ནམ་རིག་པའི་ཉི་གཞོན།

ཉན་རང་གི་སྤངས་རྟོགས་ལ་དཔྱད་པ་ལུང་རིགས་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག

མཁྱེན་རབ་ཡངས་པོའི་བློ་གྲོས་རྣམ་དཔྱོད་ཀྱིས།།

ཐུབ་པའི་གསང་གསུམ་མ་ནོར་མངོན་དུ་བྱས།།

བདུད་བཞིའི་གཡུ་ལས་རྒྱལ་བའི་བཞེད་ཡུམ་ཚོགས།།

སྒོ་གསུམ་གུས་པ་ཆེན་པོས་རབ་ཏུ་འདུད།།

ཤེས་བྱ་མཁྱེན་གསུམ་སྦྱོར་བཞིའི་ཉམས་ལེན་དང་།།

ཐོབ་བྱ་འབྲས་བུའི་ཆོས་སྐུའི་ཚོགས་བཅས་ཀྱི།།

ཡུམ་དོན་མ་ལུས་གསལ་བའི་མ་ཕམ་མགོན།།

དད་པས་སྤྱི་གཙུག་རྒྱན་བཅས་སྙིང་ནས་འདུད།།

བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་བོ་ཐུགས་རྗེས་བརླན་པ་དེས། སེམས་ཅན་མགོན་མེད་པ་ཤིན་ཏུ་ཉམ་ཐག་པ་རྣམས་བསྐྱབ་པའི་ཕྱིར་དུ་རབ་ཏུ་བརྩོན་པས་ཚོགས་གཉིས་བསྒྲུབས་ཏེ་ཀུན་ཏུ་བཟང་བོའི་སར་བརྙེས། དེ་ནས་འཁོར་ལོ་རིམ་པ་གསུམ་གྱི་སྒོ་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཤིང་། དེ་རྣམས་ལས་ཀྱང་ཆོས་ཀྱི་རང་སྤྱིའི་མཚན་ཉིད་བདེན་པའི་རང་བཞིན་མེད་པར་སྟོན་པའི་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་རྣམས་ཁྱད་པར་དུ་འཕགས་ལ། དེ་རྣམས་ཀྱི་དགོངས་པ་འགྲེལ་བའི་རྒྱལ་ཡུམ་ཤེས་རབ་ཀྱི་ཕར་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ཆེན་པོ་མངོན་རྟོགས་རྒྱན་འདི་ཉིད་ལས།

ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། །

འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །

གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །

ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ལོ། །

ཞེས་མཆོད་བརྗོད་ཀྱི་སྐབས་སུ་མཁྱེན་གསུམ་གྱི་སྒོ་ནས་བསྟོད་པས་བརྗོད་བྱ་དང་མཐུན་པའི་བསྟོད་ཕྱག་ཡིན་པའི་ཕྱིར་ཤུགས་ལ་དེ་གསུམ་བརྗོད་བྱར་བྱེད་པའི་བསྟན་བཅོས་རྩོམ་པར་ཁས་བླངས་ཤིང་། གང་ཟག་བཞིའི་མངོན་རྟོགས་རྣམས་མཁྱེན་གསུམ་གྱིས་བསྡུས་པར་ཅིས་གྲུབ་ཅེ་ན། འདི་ལ་གསུམ་ལས་ཡུམ་བར་མ་ཉི་ཁྲི་ལྔ་སྟོང་གིས་ལམ་ཤེས་འཆད་པ་ལ་མདོར་བསྟན་དང་རྒྱས་བཤད་གཉིས། རྒྱས་བཤད་ལས། བཅོམ་ལྡན་འདས་ཅིའི་སླད་དུ་ལམ་གྱི་རྣམ་པ་འཚལ་བ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལགས། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ།། དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་། དེ་དག་གིས་ལམ་གྱི་བྱ་བ་ཡང་བྱ་ལ། སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར་དེ་དག་གིས་ཡང་དག་པའི་མཐའ་མངོན་དུ་ནི་མི་བྱའོ།། རྣམས་ཀྱི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། །ཞེས་གསུངས་བ་ལས། <དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་།> ཞེས་སྤངས་རྟོགས་གང་དུ་རྫོགས་ཚུལ་ལ་སྔ་ཕྱི་མང་པོའི་བཞེད་ཚུལ་བསམ་པའི་བློ་ལས་མི་ཤོང་མོད། རང་བློས་རྟོགས་ཚུལ་གྱིས་འདིར་དཔྱད་པ་ཅང་ཙམ་བྱེད་ན། ཡང་ཁ་ཅིག་ཐེག་དམན་གྱི་རྟོགས་པ་ས་དང་པོར་རྫོགས་ལ་སྤངས་པ་ས་བརྒྱད་པར་རྫོགས་ཏེ། ཡུམ་གསུམ་གནོད་འཇོམས་ལས། དད་པས་རྗེས་སུ་འབྲང་བ་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་དང༌། དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་མི་སྐྱེ་པའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ནི་དགྲ་བཅོམ་པར་བསྟན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགྲ་བཅོམ་པའི་ལམ་གྱི་འབྲས་བུའི་ཤེས་པ་རྣམས་དང་ཉོན་མོངས་པ་ཐམས་ཅད་སྤངས་པ་རྣམས་ནི་ས་བརྒྱད་པ་ལ་ཞུགས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཙམ་ཉིད་ཀྱིས་མཐར་གཏུགས་པར་འགྱུར་ཏེ། དེ་དག་གི་ཤེས་པ་དང་སྤོང་པ་ནི་བཟོད་པ་དེ་ལས་ལྷག་པ་མེད་དོ་དེ་ཕན་ཆད་ནི་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་མེད་པའོ་ཞེས་ཤེས་བྱེད་དུ་འདྲེན་ནོ། །འདི་མི་འཐད་དེ། ལུང་དེས་སྤངས་པ་ས་བརྒྱད་པར་མཐར་ཐུག་པར་བཤད་པ་ལྟར་དུ་ཉན་རང་གི་རྟོགས་པ་ཡང་དེར་རྫོགས་པར་བཤད་པས་སོ། །རང་གི་ལུགས་བཤད་པ། ཉན་རང་གཉིས་ཀྱིས་སྤང་བྱ་ཉོན་སྒྲིབ་ཇི་ཙམ་སྤངས་པའི་སྤང་བ་རྫོགས་པར་བྱང་སེམས་ཀྱི་ས་བརྒྱད་པའི་བར་ཆད་མེད་ལམ་དང་། དེ་གཉིས་ཀྱིས་རྟོགས་བྱ་བདག་མེད་རྟོགས་པའི་དོན་ཇི་ཙམ་རྟོགས་པའི་རྟོགས་པ་རྫོགས་ཚུལ་བྱང་སེམས་ཀྱི་ས་བརྒྱའི་རྣམ་གྲོལ་ལམ་ནས་བཞག་དགོས། དེ་ལ་རྒྱ་གར་མཁས་པའི་བཞེད་ཚུལ་དང་། བོད་ཕྱི་མའི་བཞེད་ཚུལ་གཉིས་ལས། དང་པོ་ནི། དཔལ་ལྡན་ཟླ་བ་གྲགས་པའི་འཇུག་པ་ལས།

ཆགས་པ་མེད་པའི་བློ་ནི་སྐྱོན་རྣམས་དག་དང་ལྷན་ཅིག་མི་གནས་ཕྱིར། །

ས་བརྒྱད་པ་ལ་དྲི་མ་དེ་དག་རྩར་བཅས་ཉེ་བར་ཞི་འགྱུར་ཞིང་། །

ཉོན་མོངས་ཟད་ཅིང་ཁམས་གསུམ་བླ་མར་གྱུར་ཀྱང་སངས་རྒྱས་རྣམས་ཀྱི་ནི། །

འབྱོར་པ་མཁའ་ལྟར་མཐའ་བྲལ་མ་ལུས་ཐོབ་པར་ནུས་མ་ཡིན། །

རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བས་མུན་པ་ལྟར་ཉོན་མོངས་པ་སྔར་བྱུང་བ་འཁོར་བར་སྐྱེ་བའི་རྒྱུར་གྱུར་པ་ཁམས་གསུམ་ན་སྤྱོོད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྩ་བ་དང་བཅས་པར་ཞི་བ་ཁོ་ནར་འགྱུར་ལ། དེ་དེ་སྤངས་པས་ས་གསུམ་གྱི་བླ་མ་ཉིད་དུ་གྱུར་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་འདིས་གནས་སྐབས་དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འབྱོར་པ་ཐོབ་པར་མི་ནུས་ཏེ། དེ་ཐོབ་པར་བྱ་བའི་ཕྱིར་འདིས་བསྒྲིམ་པར་བྱ་དགོས་སོ། །ཞེས་དང་།

ལེགས་འབྱེད་ཀྱི་རྟོག་གེ་འབར་བ་ལས། ཆོས་ལ་བཟོད་པ་དེའི་ཉོན་མོངས་པའི་སྒྲིབ་པ་སྤངས་བ་ནི་དགྲ་བཅོམ་པ་དང་འདྲ་བས་བསིལ་བར་གྱུར་ཅིང་། འཁོར་བར་འཇུག་པ་དང་བྲལ་བས་ཚེ་ལ་དབང་བ་ལ་སོགས་པ་དབང་བཅུ་རབ་ཏུ་ཐོབ་པར་གྱུར་པ་ལ་སོགས་པ། ཞེས་དང་། གང་གི་ཕྱིར་ས་བརྒྱད་པའི་བྱང་ཆུབ་སེམས་པ་ཁོ་ན་ཉོན་མོངས་པ་དང་བྲལ་བ་དགྲ་བཅོམ་པ་དང་འདྲ་ན་ཡང་། ཐབས་ཀྱི་འདོན་པའི་ཡོན་ཏན་ལྔ་མངོན་དུ་པར་སྤྲུལ་ནས་བྱང་ཆུབ་སེམས་དཔའ་རྣམས་དང་འགྲོས་སུ་མཛད་དེ་ཞེས་སོགས་གསུངས་པའི་ཕྱིར་རོ། གཉིས་པ། ཁ་ཅིག་གིས་དབུ་སེམས་དང་ཐལ་རང་གི་སྤངས་རྟོགས་རྫོགས་ཚུལ་སོགས་ལ་ཁྱད་པར་ཡོད་པར་བཤད་མོད། དེ་ནི་འཐད་པ་མ་སེམས་ཏེ། ཀུན་མཁྱེན་མི་ཕམ་པའི་དབུ་མ་རྒྱན་འགྲེལ་ལས། ས་བརྒྱད་པའི་སྐབས་སུ་ཡུལ་ཆོས་ཉིད་ལ་འབད་མེད་དུ་ཞུགས་པའི་ཚུལ་གྱིས་ངར་འཛིན་གྱི་རྒྱུ་བ་ཕྲ་མོའང་ཟད་པས་ན་དེ་ཕན་ཆད་དུ་དག་ས་གསུམ་དུ་གཉིས་སྣང་གི་བག་ཆགས་སམ་ཤེས་སྒྲིབ་འབའ་ཞིག་སྤོང་བ་ཡིན་ནོ་ཞེས་དང་། ཚུལ་འདི་ཐལ་འགྱུར་པ་ཁོ་ནའི་ལུགས་ནི་མ་ཡིན་ཏེ། ཐེག་ཆེན་གྱི་མདོ་སྡེ་རྣམས་ནས་བྱུང་བ་ལྟར་ཤིང་རྟ་ཆེན་པོ་རྣམས་ཀྱི་བཞེད་པ་ཡིན་ནོ་ཞེས་དང་། ཤེར་འགྲེལ་ཀེ་ཏ་ཀ་ལས། དེ་ནས་རིམ་བཞིན་སྒྲིབ་པ་གཉིས་ཀ་མཉམ་པར་སྤངས་ནས་ས་བརྒྱད་པར་ངར་འཛིན་གྱི་རྒྱུ་བ་ལོག་པའི་སྟོབས་ཀྱིས་དག་ས་པ་ལ་ཉོན་མོངས་པ་མེད་ཀྱང་དེ་ཕན་ཆད་ཤེས་སྒྲིབ་འབའ་ཞིག་སྤོང་། ཞེས་དང་། ཚུལ་འདིར་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་ཐམས་ཅད་དགོངས་པ་གཅིག་པ་ཡིན་གྱི་བོད་ཀྱི་ཞེ་འདོད་དང་བསྲེ་བ་བར་མི་བྱ་ལ། གནད་འདི་ཤེས་ན་གཞུང་ལུགས་དུ་མའི་འགགས་རང་གྲོལ་ཏེ་དགོངས་པའི་ཆུ་བོ་ཡེ་ཤེས་ཀྱི་ཀློང་དུ་འདྲེས་པར་འགྱུར་བའི་ཕྱིར་རོ། །ཉན་རང་གཉིས་ཀའི་སྤང་བྱ་རྫོགས་པའི་སྒྲུབ་བྱེད་ལ་ལུ་ཁུངས་མདོ་བསྟན་བཅོས་མང་པོ་ཡོད་ཀྱང་། འདིར་མང་གིས་དོགས་ནས་མ་དྲངས་སོ། །གཉིས་པ། ཐེག་ཆེན་ས་བརྒྱད་པའི་རྣམ་གྲོལ་ལམ་ནས་རྫོགས་པ་བཞག་དགོས་ཏེ། མདོ་ཉི་ཁྲི་ལས། རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་དུ་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ།། ཞེས་ཁུངས་དེ་ལ་བཅོལ་ནས། ཡུམ་གསུམ་གནོད་འཇོམས་ལས། བཟོད་པ་ཡིན་ནོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་མི་སྐྱེ་པའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ནི་དགྲ་བཅོམ་པར་བསྟན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགྲ་བཅོམ་པའི་ལམ་གྱི་འབྲས་བུའི་ཤེས་པ་རྣམས་དང་། ཉོན་མོངས་པ་ཐམས་ཅད་སྤངས་པ་རྣམས་ནི་ས་བརྒྱད་པ་ལ་ཞུགས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཙམ་ཉིད་ཀྱིས་མཐར་གཏུགས་པར་འགྱུར་ཏེ། དེ་དག་གི་ཤེས་པ་དང་སྤོང་པ་ནི་བཟོད་པ་དེ་ལས་ལྷག་པ་མེད་དོ་དེ་ཕན་ཆད་ནི་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་མེད་པའོ་།། གང་གི་སྤངས་བ་རྫོགས་པའི་ལུང་གིས་གྲུབ་པར་མ་ཟད་རིགས་པས་ཀྱང་གྲུབ་པར་ཡིན་ནོ། །གསུམ་པ་རྩོད་སྤོང་ནི། ཁ་ཅིག ཉན་རང་གི་རྟོགས་པ་ས་དང་པོར་རྫོགས་པ་ཡིན་ཏེ། འཕགས་པ་རྣམ་གྲོལ་སྡེའི་ཉི་ཁྲི་སྣང་བ་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པ་ཞེས་གསུངས་པ་ཡིན་ཏེ། དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །ཞེས་གསུངས་བའི་ཕྱིར་དང་། ལུང་དེའི་འཕྲོས་ཉིད་ནས་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ཉིད་དུ་ཉན་ཐོས་ཀྱི་རྟོགས་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ་ (ཞེས་བྱ་བའི་ཐ་ཚིག་གོ) ཞེས་དང༌། སྒྲུབ་པ་ལ་གདམས་པའི་སྐབས་སུ་ཡང་མདོ་དེ་ཤེས་བྱེད་དུ་དྲངས་ནས་ཉན་རང་རྣམས་ལས་རྟོགས་པ་ཁྱད་པར་ཞུགས་པར་བསྟན་པ་དང༌། སྐབས་གསུམ་པའི་གཞི་ཤེས་སུ་ཡང་བྱང་ཆུབ་སེམས་དཔའི་བཟོད་པའི་བྱེད་པར་གཞན་རྣམས་ཀྱི་རྟོགས་པའི་བྱེད་པ་མ་ལུས་པ་འདུས་པར་འགྱུར་བའི་ཕྱིར་དེ་དག་གི་ཤེས་པ་དང་སྤངས་པ་གང་ཡིན་པ་དེའི་བཟོད་པ་ཡིན་གྱི་རྟོགས་པའི་ཆ་འདི་ཙམ་མ་ཡིན་ནོ། །ཞེས་གསུངས་པས་མཐོང་ལམ་དུ་རྟོགས་པ་རྫོགས་པའི་ཤེས་བྱེད་དུ་འགྲིག་གི་སྤོང་བའི་དོན་བཤད་པ་མི་སྣང་བས་སོ། །ཞེས་ཉན་རང་གི་རྟོགས་པ་ས་དང་པོ་ནས་རྫོགས་སོ་ཞེ་ན། འོ་ན་རྟོགས་པ་སྔོན་དུ་རྫོགས་ཤིང་སྤངས་བ་རྗེས་སུ་རྫོགས་པར་འདོད་པ་ནི་སྤངས་རྟོགས་རྗེས་སུ་འགྲོ་ལྡོག་མ་མཚུངས་པའི་སྐྱོན་གྱི་སོ་ན་གནས་སོ། །དེས་ན་དེ་ལྟར་དགོངས་པར་མ་སེམས་མོད། འོ་ན་གོང་དུ་ཉིར་སྣང་ལས་"བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ཉིད་དུ་ཉན་ཐོས་ཀྱི་རྟོགས་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ་"ཞེ་ན། དེ་ནི་ཉན་རང་གི་རྟོགས་རིགས་ཙམ་ལ་དགོངས་པ་ཡིན་གྱི་རྟོགས་པ་རྫོགས་པ་ལ་གོ་མ་ཡིན། རྟོགས་པ་རྫོགས་པ་ལ་ཉོན་སྒྲིབ་ཟད་པ་སྤངས་པས་གང་ཟག་གི་བདག་མེད་རྟོགས་པའམ་དེའི་ཐོག་ཏུ་བཟུང་བ་རང་བཞིན་མ་གྲུབ་པའི་རྟོགས་པ་ཙམ་ལ་གོ་བ་ཡིན་ནོ།།

འཕགས་བཞིས་བཞེད་དོན་བསྐྲུན་པའི་ཡུམ་གསུམ་ལ།།

དགའ་དད་སྤྲོ་བ་སྟོང་གིས་ཉེར་བསྐུལ་ནས།།

ལུང་དང་རིགས་པའི་རྩལ་གྱིས་བྲིས་པ་འདིས།།

འགྲོ་རྣམས་བློ་ཡི་དགའ་བ་འབྱེད་གྱུར་ཅིག །

ཅེས་མངོན་རྟོགས་རྒྱན་གྱི་མཆོད་བརྗོད་ལ་ཐོས་བསམ་བྱེད་པའི་སྐབས་སུ་ཀུན་བཟང་རིག་འཛིན་དེས་བྲིས་པར་དགེ

2018 .