ཐོན་མིའི་འབུམ་གླིང་།

སློབ་དཔོན་ཐོན་མི་ནི་བོད་ཀྱི་ཕུལ་དུ་བྱུང་བའི་བསམ་བློ་བ་དང་། གསར་གཏོད་པ། ལྗོངས་རྒྱུ་བ།ཆོས་ལུགས་པ། སྒྲ་བ། ལོ་ཙ་བ། སློབ་གསོ་བ། ཕྱི་འབྲེལ་བ། ཆབ་སྲིད་པ། ཁྲིམས་ལུགས་པ་བཅས་ཡིན།

ཐོན་མ་ཎིའི་སྒང་དུ་བཞུགས་པའི་ཐོན་མིའི་ལྡེབ་བྲིས་རྙིང་བ།

ང་དྲིན་ཅན་གྱི་བློན་པོ་ཐོན་མི་ངས།།ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ།།ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད།།ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ།།ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས།།ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ།།དོན་ཪྙེད་པར་དཀའ་བའི་ཡིག་འབྲུ་བསྟན།།བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས།།ཚིག་དབྱངས་ཡིག་རྣམས་ལ་མཁས་པར་སྦྱངས།།རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།།བོད་ཡིག་སུམ་ཅུརགཏན་ལ་ཕབ།།རང་མཁས་པའི་ངེས་ཤེས་བློ་ལ་ཤོར།།འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད།།དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད།།ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར།།མི་མཁས་པ་སླེབས་པའི་སྔོན་མ་ཡ།།ང་མུན་པ་སེལ་བའི་སྒྲོན་མེ་ཡིན།།རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས།།གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད།།བོད་ཁ་བ་ཅན་པའི་མི་རྣམས་ལ།།ང་ཐོན་མི་བཀའ་དྲིན་མི་ཆེའམ་།།

སྲོང་བཙན་འཁྲུངས་ཡུལ་དུ་བཞེངས་པའི་སྲུང་བཙན་དང་བློན་པོ་ཐོན་མི་གཉིས་ཀྱིས་ནང་གྲོས་བྱེད་པ།

བོད་ལྗོངས་སྟག་རྩེ་རྫོང་ཁོངས་ཀྱི་བཙུན་མོའི་ཚལ་དགོན་དུ་བཞུགས་པའི་སྲོང་བཙན་ལ་བསྟོད་པའི་ཡིག་ཕུད།
༅།།ཞལ་རས་གསལ་ལ་རང་མདངས་གང་བ་བཟང་། །གདམ་ངག་ཟབ་ལམ་མ་ཆད་ཐ་དད་རང་། །ལས་ངན་བག་ཆགས་ཐམས་ཅད་གསལ་མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལ། །བདེ་གཤེགས་བདེན་ངེས་ཡེ་ཤེས་ཏེ། །ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། །ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག །(དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ།
ཐོན་མིའི་སྐུ་ལི་མ།

ཐོན་མིས་ཡི་གེ་གསར་བཟོ་གནང་བའི་ཕ་བོང་ཁའི་ཕོ་བྲང་།

ཕ་བོང་ཁ་ཞེས་པའི་མིང་གཞན་ལ་སྐུ་མཁར་མ་རུ་ཡང་ཟེར། དེ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་གི་ཉེ་འགྲམ་ཉང་རའི་ཁུལ་དུ་ཡོད་ཅིང་། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རི་བོ་གྲུ་དམར་ཐོག་ཕོ་བྲང་བཞེངས་པ་དང་། དུས་མཚུངས་ཉང་རར་ཕོ་བྲང་གཞན་ཞིག་བཏབ་ཅིང་། དེ་ནི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་ཕ་བོང་ཁའི་ཕོ་བྲང་དམར་པོ༼སྐུ་མཁར་མ་རུ༽ཞེས་པ་དེ་རེད།
ཉིན་ཞིག་གི་ཞོགས་པར་སྲོང་བཙན་སྒམ་པོ་དང་བློན་པོ་རྣམས་རྩེ་ཕོ་བྲང་གི་ཡང་སྟེང་དུ་ཕེབས་ནས་ཕྱོགས་བཞིའི་ཡུལ་ལྗོངས་ལ་གཟིགས་ཞིབ་གནང་སྐབས་གློ་བུར་དུ་བྱང་ངོས་ཀྱི་བདེ་མཆོག་རིའི་འདབས་ཀྱི་ལྗོན་ཤིང་སྔོན་པོའི་ཁྲོད་དུ་དངོས་པོ་ནག་རིལ་ཆེན་པོ་ཞིག་ཡོད་པ་གཟིགས་ནས་དཔོན་བློན་ཐམས་ཅད་ངོ་མཚར་ཆེན་པོ་བྱུང་ཞིང་། སྲོང་བཙན་སྒམ་པོས་ནག་རིལ་དེ་ནི་ཐག་ཞགས་ཁ་ཤས་ཀྱིས་འཇལ་ཐུབ་ཙམ་ཡོད་པའི་རྡོ་ནག་རུས་སྦལ་འདྲ་བ་ཞིག་ཡོད་པས་ཐོན་མི་སམ་བྷོ་ཊ་མཆོག་ལ་ཆེད་མངགས་ཕོ་བྲང་ཞིག་བཞེངས་ནས་བོད་ཡིག་གསར་གཏོད་གནང་རྒྱུར་ཕན་པའི་ཆ་རྐྱེན་བསྐྲུན། ཐོག་བརྩེགས་དགུ་ཡོད་པའི་ཕོ་བྲང་ཞིག་མགྱོགས་ནས་མྱུར་དུ་རྡོ་ནག་ལས་གྲུབ་པའི་རུས་སྦལ་གྱི་སྒལ་སྟེང་དུ་འགྱིང་ངེར་བཞེངས་ལ། ཐོན་མི་སམ་བྷོ་ཊས་སྐུ་མཁར་མ་རུར་ལོ་ངོ་ལྔ་ལ་འབད་པ་གནང་མཐར་བོད་རང་གི་ཡི་གེ་གསར་གཏོད་ལེགས་གྲུབ་བྱུང་བ་དང་། སྲོང་བཙན་པོས་ལོ་གསུམ་ལ་ཐུ་མི་མཆོག་རང་གི་སློབ་དཔོན་དུ་བསྟེན་ནས་ཡི་གེ་བསླབས་པར་གྲགས།

ཐོན་མིས་བཙུགས་པར་གྲགས་པའི་ལྗོན་པ།

ཐོན་མ་ཎིའི་སྒང་གི་ལྡེབས་བྲིས་རྙིང་བ།

སློབ་དཔོན་ཐོན་མིའི་བཞུགས་གནས་ཐོན་མ་ཎིའི་སྒང་།

ཐོན་མིས་གསར་གཏོད་བྱས་པའི་སྤོས་བཟོ་བྱེད།

ཐོན་མི་སམ་བྷོ་ཊ་རང་ཉིད་ཀྱི་འཁྲུངས་ཡུལ་ཐོན་ལ་ཕེབས་ནས་ཆུ་ནང་དུ་ཉ་དང་སྲོག་ཆགས་སོགས་མེད་པར་སྨོན་ལམ་དང་བྱིན་རླབས་མཛད་ནས་ཤུག་པ་ཆུ་འཐག་གི་ཆུ་འཁོར་བཙུགས་ཤིང་ཐོན་མིའི་གནའ་སྤོས་ཐོག་མར་གསར་བཟོ་གནང་ནས་རྒྱལ་པོའི་ཕོ་བྲང་དུ་དམ་པའི་ཆོས་དང་བཙན་པོ་ལ་མཆོད་པ་བྱས། དེ་ནས་བཟུང་བོད་དུ་སྤོས་བཟོ་བའི་ལག་ཤེས་དར་རྒྱས་ཆེན་པོ་བྱུང་། ད་ལྟ་ཡང་ཆུ་མགོ་གངས་ལ་གཏུགས་པ་བཞིན་བོད་སྤོས་ཐམས་ཅད་ཐོན་མིའི་ཕྱག་རྒྱུན་ལ་བརྟེན་བཞིན་ཡོད་པ་རེད།

ཐོན་མིའི་འབུམ་གླིང་།

སློབ་དཔོན་ཐོན་མིའི་དྲིན་ལ་བོད་ཀྱི་མ་རིག་པའི་མུན་པ་སངས་ཤིང་།བོད་ལ་ཆོས་སྲིད་རིག་གནས་ཀྱི་མངའ་ཐང་དར། དེ་དག་བོད་མི་རིགས་འདི་བཞིན་འཇིག་རྟེན་འདིར་རིང་དུ་གསོན་ཞིང་། འཛམ་གླིང་གི་གཅེས་ནོར་དུ་གྱུར་པའི་རིག་གནས་འདི་ད་ལྟ་འཛམ་གླིང་ཟླུམ་པོའི་སྐྱེ་བོ་ཀུན་གྱི་གསོས་སུ་འགྱུར་བ་ཡང་སློབ་དཔོན་ཐོན་མི་ལ་མ་འབྲེལ་བ་གང་ཡང་མེད།དེ་བས་སློབ་དཔོན་ཐོན་མི་ནི་བོད་ཀྱི་ཉི་མ་ནས་འཛམ་གླིང་གི་ཉི་མར་འགྱུར་བཞིན་ཡོད།

ཐོན་མིའི་འབུམ་གླིང་དུ་བཞེངས་པའི་ཐོན་མིའི་སློབ་དཔོན་པཎྜིཏ་ལྷ་རིག་པའི་སེང་གེ

སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བོད་ཀྱི་ཡུལ་དུ་གཞི་ཚུགས་ཤིང་ཕྱོགས་སུ་རྒྱས་པ་ཡང་སློབ་དཔོན་ཐོན་མིའི་བཀའ་དྲིན་ཡིན་ཏེ་གལ་ཏེ་སློབ་དཔོན་ཐོན་མིས་ཡི་གེ་གསར་བཟོ་མ་བྱས་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་བོད་དུ་དར་མི་སྲིད་ལ་དར་ཀྱང་རྒྱས་མི་སྲིད།དེ་བས་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་རྣམས་ལ་སློབ་དཔོན་ཐོན་མིའི་བཀའ་དྲིན་འདྲ་བ་གཞན་གང་ན་ཡང་མེད་ལ་སངས་རྒྱས་བསྟན་པར་མཚོན་ན་ཡང་སློབ་དཔོན་ཐོན་མིའི་བཀའ་དྲིན་འདྲ་བ་གཞན་གང་ན་ཡང་མེད་དེ།ད་ལྟ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མདོ་སྔགས་ཁ་ཚང་བ་བོད་ལ་བཞུགས་པ་འདིས་ཀྱང་གསལ་བོར་ཤེས་ཐུབ་པ་མ་ཡིན་ནམ།

ཐོན་མིའི་འབུམ་གླིང་དུ་བཞེངས་པའི་ཐོན་མིའི་སློབ་དཔོན་བྲམ་ཟེ་ལི་བྱིན་ཀ་ར།

སློབ་དཔོན་ཐོན་མི་འདི་ཉིད་བོད་ཀྱི་རྨོངས་པའི་མུན་པ་སེལ་བའི་བཀའ་དྲིན་ཅན་དུ་མ་ཟད།སོག་པོ་དང་རྒྱ་ནག་བཅས་མི་རིགས་མང་བོ་ཞིག་དང་། ལྷག་པར་འཛམ་གླིང་ཟླུམ་པོ་ཡོངས་ལའང་གཅེས་ནོར་རིན་པོ་ཆེ་རིན་ཐང་དང་བྲལ་བ་ཞིག་གནང་བས་ཁོང་གི་མཛད་རྗེས་ཀྱི་རྡོ་རིང་སུ་དང་གང་གིས་ཀྱང་བསམ་སྦྱོར་གདུག་རྩུབ་ངན་པས་གཏན་ནས་བསུབ་མི་ཐུབ།འདི་ལྟར་བཤད་ན་ཚད་ལས་བརྒལ་མེད་དེ། ད་ལྟ་བོད་ཀྱི་རིག་གནས་འདི་འཛམ་གླིང་ཟླུམ་པོའི་གཅེས་ནོར་དུ་འགྱུར་བཞིན་པ་ཡང་གནད་གཏུགས་ན་འདི་ལ་འབྲེལ་ཡོད།

ཐོན་མིའི་འབུམ་གླིང་དུ་བཞེངས་པའི་ཐོན་མིའི་སློབ་མ་ལྷ་ལུང་རྡོ་རྗེ་དཔལ།

ད་ལྟ་བཤད་ན་བོད་ཀྱི་རིག་གནས་འདི་ཐོན་མི་སམ་བྷོ་ཊའི་རིག་གནས་ཡིན་ལ།བན་བོན་གཉིས་ཀྱི་རིག་གནས་ཀྱང་ཐོན་མི་སམ་བྷོ་ཊའི་རིག་གནས་སུ་གྱུར་ཡོད་པས་སློབ་དཔོན་ཐོན་མི་སམ་བྷོ་ཊ་དང་། སམ་བྷོ་ཊའི་རིག་གནས་དང་སམ་བྷོ་ཊའི་སྙིང་སྟོབས་བཅས་ལ་སློབ་སྦྱོང་བྱེད་པ་ནི་བོད་མི་ཀུན་གྱི་འོས་འགན་ཡིན་ནོ༎ངོ་མ་བཤད་ན་སམ་བྷོ་ཊ་ལས་ལྷག་པའི་སྙིང་སྟོབས་ལྡན་པ་ཞིག་དང་།བློ་གྲོས་ལྡན་པ་བོད་གངས་ཅན་གྱི་ལྗོངས་སུ་གཏན་ནས་ཡོད་མི་སྲིད།

ཐོན་མིའི་འབུམ་གླིང་དུ་བཞེངས་པའི་ཐོན་མིའི་སློབ་མ་དྷརྨ་ཀོ་ཥ།

དེ་བས་ང་ཚོས་སློབ་དཔོན་ཐོན་མིའི་བཀའ་དྲིན་རྗེས་སུ་དྲན་འོས་ལ་ཁོང་གི་སྙིང་སྟོབས་དར་སྤེལ་གཏོང་འོས།ཐོན་མི་ཞེས་པའི་མིང་འདི་ནི་བོད་ཀྱི་རིག་གནས་མཚོན་བྱེད་ཅིག་ཡིན་པས་རིག་གནས་འདི་ལ་སྦྱོང་བརྩོན་སྤེལ་བ་གཞིར་བཅས་མི་རིགས་འདིར་རང་གི་ནུས་པས་སྲི་ཞུ་བསྒྲུབ་དགོས་ལ།སློབ་དཔོན་ཐོན་མིའི་ཞབས་འདྲེན་དུ་མི་འགྱུར་བའི་ཆེད་དུ་ང་ཚོས་རང་གི་སྙིང་ལ་རུས་པ་ཞིག་བསྣོན་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན།

ཐོན་མིའི་འབུམ་གླིང་།

རང་ཅག་རྣམས་ལ་བཀའ་དྲིན་གཞལ་མཐའ་མེད་པའི་སློབ་དཔོན་འདི་ཉིད་ཀྱི་ལོ་རྒྱུས་སྐོར་བོད་ཀྱི་ལོ་རྒྱུས་རྣམས་སུ་མ་གླེང་བ་ཕལ་ཆེར་མེད་མོད།ད་ལྟ་བོད་ལ་དྲིན་དུ་བྱས་ཀྱང་དྲིན་མི་ཤེས་པའི་དཔེར་ལྟར་སོང་ཞིང་། ལྟ་བ་རྫོབ་རོ་སྣ་ཚོགས་རྩྭ་ལྡུམ་བཞིན་རྒྱས་པ་ལ་བརྟེན་ནས་སློབ་དཔོན་དམ་པ་འདིའི་བྱུང་མིན་ལ་ཐེ་ཚོམ་བྱེད་པ་སྣང་བ་སོགས་སློབ་དཔོན་དམ་པའི་འདིའི་མཛད་རྗེས་སུབ་པའི་ཐབས་ལ་རྩོམ་པར་མཐོང་བ་ནི།ཁྭ་ཏའི་ཕྲུ་གུས་མ་ཡི་སྤུ། །ཐོགས་པ་དྲིན་ལན་ཡིན་པར་བསམ། །ཞེས་པའི་དཔེ་ལས་མ་འདས།

ཐོན་མིའི་འབུམ་གླིང་།

དེ་བས་སྙིང་ལ་རུས་པ་ཡོད་པའི་བུ་ཕྲུག་ཅིག་ཡིན་ན།སེམས་ལ་ཞེ་ཁྲལ་ཡོད་པའི་མི་ཞིག་ཡིན་ན། ཕ་བཟང་བོའི་རུས་པ་སྙིང་ལ་བཅུག་ནས། མ་བཟང་བོའི་ཞེ་ཁྲེལ་སེམས་ལ་བཟུང་ནས་སློབ་དཔོན་ཐོན་མི་ལ་རྗེས་དྲན་ཞུ་བ་ནི་བོད་ཀྱི་རིག་གནས་ཀྱི་རིན་ཐང་ལ་སླར་ཡང་རིན་ཐང་དུ་ཤེས་པ་ཞིག་ཡིན་པས་མུ་མཐུད་དུ་སློབ་གྲྭ་སོ་སོ་དང་དགོན་སྡེ་སོ་སོ་ནས་རྗེས་དྲན་བྱ་འོས་པའི་སློབ་དཔོན་འདི་ལ་རྗེས་དྲན་བྱེད་པ་ནི་དགོས་གལ་ཤིན་ཏུ་ཆེ་བ་ཞིག་ཏུ་མཐོང་སོང་།

ཐོན་མིའི་འབུམ་གླིང་དུ་བཙུགས་པའི་ཐོན་མིའི་རིག་གནས་བརྗེ་རེས་ཞིབ་འཇུག་ལྟེ་གནས།

རེད་དེ།ཇི་སྲིད་སློབ་དཔོན་ཐོན་མིའི་སྙིང་སྟོབས་མ་ཡལ་བར་དུ་བོད་མི་རིགས་ཀྱི་སྙིང་སྟོབས་ཡལ་མི་སྲིད་ལ།ཇི་སྲིད་སློབ་དཔོན་ཐོན་མིའི་བློ་གྲོས་མ་ཉམས་བར་དུ་བོད་མི་རིགས་ཀྱི་བློ་གྲོས་གཏན་ནས་ཡལ་མི་སྲིད།

གངས་ལྗོངས་ཤེས་རིག་ནོར་བུའི་གླིང་དང་རྩྭ་ཐང་བུ་མོ་སློབ་གྲྭ་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་ཐོན་མིའི་རྗེས་དྲན་དགུང་ཚོགས།