࿑ ཟླ་གཞོན་ཁྲོད་གྱི་ཁོ་བོ

࿄ སྤྲེལ་ ཕྱོགས་གླང་། ࿇

སྐྱོ་དུང་དུང་གི་སེམས་འགུལ་ཐེབས་ནས།

ཅི་ཞིག་ལ་སེམས་འཁྲུལ་བྱས།

ཁ་མ་གྲགས་པར་

ཨམ་ཚིགས་ཀྱིས་སྡོམ་བཞིན།

སུ་ཞིག་ལ་འཁོན་ལན་ལྷོག་དགོས་བསམ།

གང་ལྟར་ཡང་

ཁོ་ནི་འཕང་ཟིན་པའི་མི་ཞིག་དང་འདྲ་བར།

སུན་སྣང་དང་སྐྱོ་གདུང་གིས་མནར།

གནས་སྐབས་ཀྱི་འཇིག་རྟེན་འདིར།

མུན་པས་ཡོངས་སུ་ཁེབས་ཤིང་།

བསིལ་འཇམ་གྱི་

རེག་བྱ་སྦྱིན་པའི་མོག་མོག་གི་ཟླ་གཞོན་དེས་འང་།

མིན་ནག་ལ་རམ་འདེགས་བྱས།

སྐད་ཅིག་མའི་དུས་ཚོད་དེར།

ངའི་སེམས་ཀྱི་རྩིག་ལྡེབས་ཀྱི་མེ་ལོང་ངོས་སུ།

མི་གཙང་བའི་ས་རྡུལ་གྱིས་བཀང་ཞིང་།

སྐྱོ་བ་རྒྱ་མཚོའི་རླབས་རིས་རང་སར་འཕྱོ།

ནམ་རྒྱུན། ལྷིང་འཇགས་ཀྱིས་བསྐོར་བའི་ཟླ་ངོགས་ནས།

འཇམ་ཅག་གེར།

ཚོར་བའི་ཀློང་རིམ་ནས་བརྡོལ་བའི་

དགའ་སྐྱོ་ཆགས་ལྡང་གི་

སེམས་གཏམ་མང་བོ་ཞིག

སྙན་ངག་པའི་སྨྱུག་རྩེ་ན་གཡོ།

རེད་ཡ།

ནུབ་བཞུད་ཀྱི་རྟ་བདུན་དབང་བོ།

ཁྱེད་བཞུད་ཤུལ་ནས།

ངའི་མགོ་བོ་ཐུར་དུ་དཔྱང་བཞིན།

དབུགས་རིང་ཞིག་གི་

བསྣོན་པ་བྱ་དགོས་བྱུང་།

དགུང་གི་ཁྲི་གདུགས་ཉི་མ་སེར་པོ།

སྙིང་གཏམ་ཐན་ཐུན་ཞིག་གི་

སྨྲེ་ངག་ཁྱེད་ལ་བཤད་ན།

ཁྱེད་བཞུད་ཤུལ་ན་ཅི་ཞིག་ལྷག་ཡོད་དམ།

དོན་ལྔ་སྣོད་དྲུག་དང་

ཕུང་བོ་ལྔའི་བདག་པོར་གྱུར་བའི་

རུས་ཀང་ཞིག་དང་སྐྱོ་བ་ཚ་བོ་ཞིག་ལས་མི་འདུག

དགོང་གི་ཉི་མ་སེར་པོ།

ལ་མོར། ཞིང་ཁམས་སུ་ཕེབས་ཤོག

ལ་མོར། ཞིང་ཁམས་སུ་ཕེབས་ཤོག

༢༠༡༧/༣/༢༡དགུང་མོར་བྲིས།

࿑ རི་ལ་ཕྱིན་པའི་གཏམ་རྒྱུད།

࿄ སྤྲེལ་ ཕྱོགས་གླང་། ࿇

སྤྲོ་བ་སེམས་སུ་བཞུར་བའི་སྔ་ནུབ་ཏུ།།

སེམས་པ་རླུང་གིས་དེད་པའི་སྤྲིན་ཕུང་བཞིན།།

ངེས་པ་མེད་པར་རི་ཀླུང་ཀུན་ཏུ་བརྒྱུད།།

སྤྲོ་བའི་དབྱངས་ཀྱིས་རྒྱུད་དྲུག་རོལ་མོ་དཀྲོལ།།

རི་བོ་གངས་ཀྱིས་བཟུང་བའི་ཞོགས་པ་དེར།།

སུ་ཡིས་བསྐུལ་ངོར་དེ་ལ་འགྲོ་དགོས་བྱུང་།།

འདོད་དོན་ལྷ་ལ་བཅོལ་བའི་རེ་བ་བཅས།།

ཉིད་ཀྱིས་འཛུམ་པའི་མེ་ཏོག་དམུལ་དམུལ་བྱུགས།།

སྟོང་བའི་དབྱིངས་ལ་གསེར་གྱི་ཉི་མ་འཕྲོས།།

མྱོང་བའི་དཔྱད་ན་ཕལ་ཆེར་རི་མོ་འདྲ།།

ཞིབ་ཏུ་བལྟས་ན་དེ་འང་སྒྱུ་མའི་དཔེ།།

སྣང་བ་དགའ་སྐྱོ་ཞིག་གི་ཚོར་བ་རེད།།

མཐོན་པོ་རི་ནས་ལྷ་བསང་ཡུལ་ལྷར་ཕུལ།།

དུད་སྤྲིན་སྔོན་མོ་གཡུ་འབྲུག་ཞིག་དང་མཚུངས།།

འདོད་དོན་འདུན་པའི་ཕ་དང་ཨ་ཁུ་ཡོངས།།

འདོད་པ་རྩེ་རི་འགྲིགས་པའི་གཡང་རེ་ཆགས།།

རི་ལ་བསྒྲེངས་བའི་དར་ཆོག་ཁ་གང་དེར།།

སྟག་ཟོ་ཤ་རའི་ལས་བསོད་རྒྱས་དགོས་ཟེར།།

སྨན་ཟོ་བུ་མོའི་ཟས་ལྷ་འཁོར་དགོས་ཟེར།།

འདི་གསུམ་མཆོད་པ་ཕུལ་བའི་དགེ་འབྲས་ལགས།།

རིགས་མཐུན་སྤུན་ཟླའི་དཔུང་བ་ཁྱུ་གཅིག་གིས།།

དད་སེམས་གུ་སྒྲ་ཨ་སྔོན་དབྱིངས་སུ་མཆེད།།

མཐུན་སྒྲིལ་སྟོབས་ཀྱིས་མི་སེམས་སྐྱིད་ལ་བཀུག།

རེ་འདུན་སྟོང་གི་ཉི་གཞོན་མཁའ་རུ་འཕྱོ།།

ད་ནི་ལྷ་བསང་སྔོན་མོ་རི་ནས་བཏང་།།

ཆོས་དུང་དཀར་བའི་གསུང་སྐད་རྒྱང་ལ་འཐེན།།

རང་ནས་ཅི་ལྕོགས་བྱས་བའི་དད་གུས་ཀྱིས།།

བདག་སེམས་བུང་བ་གཞོན་ནུ་སྐྱིད་ལ་བསྐུར།

༢༠༡༧ལོའི་བོད་ཟླ་༢ ཚེས་༡༣ ཉིན་བྲིས།།

࿑ འགྲོ་ལམ་དཀར

࿄ སྤྲེལ་ ཕྱོགས་གླང་། ࿇

རང་ཡུལ་རྐྱང་འགྲོའི་ས་ལ།།

ཁ་བ་རབ་ཏུ་སྟུག་དྲགས།།

འགྲོ་བའི་ལམ་ཁ་ཁག་པས།།

བསྐྱོད་པའི་རློངས་འཁོར་དལ་འདུག།

ད་ནི་དེ་ལྟར་བསྐྱོད་ན།།

ཐོན་སའི་སློབ་གླིང་ཞིག་ལ།།

འགྲོ་བའི་ལས་སྐེད་ཕྲ་བའི།།

སེམས་འཁྲལ་མ་བྱས་རང་བྱས།།

ཕར་ལ་གདོང་གིས་གཏད་ནས།།

རྒྱབ་ལ་རྡོག་གའི་རྫས་ཡོད།།

རང་སེམས་འགྲོ་སའི་ས་ལ།།

སྐྱིད་པའི་སྣང་བ་ཤར་ཀི།

སེམས་ཆུང་སེམས་ན་ཡོད་རུང་།།

དཀྱོག་པའི་འདུ་ཤེས་གསལ་བའི།།

ཕར་ལ་དཀྱོག་པའི་རྒྱུགས་དུས།།

ནང་མིས་བསྒྲིམས་སྒྲིམས་བྱས་འདུག།

དེ་ལྟར་ཡིན་རུང་བསྐྱོད་དགོས།།

ས་ཐག་འདོམ་གྱིས་འཇལ་དགོས།།

ལམ་ཁའི་ཁ་བ་དེ་འང་།།

ད་ནི་མེད་ཚར་ཡིན་འདུག།

དུས་ཚོད་དྲུག་ཙམ་བགྲོད་པའི།།

སྡོམ་མདའ་ཟེར་བ་སླེབས་བྱུང་།།

ཡུལ་དེས་མི་བུ་རེ་འགའ།།

ཕྱུགས་གི་འཕེལ་ཁ་བསྒྲིགས་འདུག།

དགུང་མོའི་ཆུ་ཚོད་དགུ་བར།།

འདུན་མའི་ས་ལ་ཐོན་ཚར།།

སེར་ཤུལ་མཐོ་རིམ་སློབ་གླིང་།།

བརྗོད་ནས་ཨ་མཚར་དགུ་མཚར།།

དགེ་སྤུན་གྲལ་ལ་ཡག་པ།།

བསུ་མ་ཆེན་པོ་བྱས་བྱུང་།།

གྲྭ་ཤག་གཅིག་ལ་འཛོམས་ནས།།

དགའ་བའི་དགོད་སྒྲས་བཟུ་སོང་།།

སང་ཉིན་ཞོགས་པའི་སྔ་དྲོར།།

དགོན་པར་ལྗོངས་རྒྱུར་ཕྱིན་པ།།

མཁས་པའི་བསྟི་གནས་དེ་ལ།།

བརྗོད་གྱིས་ལང་ཚོད་མ་རེད།།

ང་ཚོ་མཉམ་དུ་འཛོམས་ནས།།

ཟས་ཐན་གཅིག་ཙམ་རོལ་བ།།

སླར་ཡང་སེམས་སུ་འཁོར་ན།།

མིག་ཆུའི་སེམས་འདི་བརླན་ཡོང་།།

ད་ནི་མི་འདུག་འགྲོ་རྒྱུ།

བསྡད་ན་སེམས་ཀྱི་ནད་རེད།།

སོང་ན་མིག་གི་ཚ་རེད།།

ཡིན་ཡང་འཁོར་བའི་ལས་རེད།།

ཁྱེད་རྣམས་རྟགས་ཏུ་བདེ་བའི།།

བཀྲ་ཤེས་སྨོན་ལམ་ངས་འཇོག།

ཤེས་བྱའི་མཚོ་མོ་རྒྱས་བའི།།

བཀྲ་ཤིས་ཁ་གཡང་ངས་ཞུ།།

2017/3/17དགོར་མོར་སྐྱེ་དགུ་

ཡུལ་ཤུལ་གྲོང་ཁྱེར་ནས་བྲིས།