བསྟན་དར་ལགས་དང་བྲ་བོའི་ཐོན་རྫས་ཀྱི་ལས་དབང་།

雏鹰文化传播站

ཀྲུང་གོ་དང་འབྲུག་ཡུལ་གཉིས་ཀྱི་འབྲེལ་མཚམས་སུ་གནས་པའི་མཐའ་མཚམས་ཀྱི་ཤང་གྲོང་ཆུང་ངུ་ཞིག་སྟེ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་སེང་གེ་ཤང་དུ་ཉེ་བའི་ལོ་ཤས་ནང་བྲ་བོའི་ཐོན་རྫས་སྣེ་མང་ཐོན་པས་ལུང་ཆུང་དེའི་མི་ཚོས་དོ་ཁུར་བྱེད་གནས་ཤིག་ལ་གྱུར་ཡོད་པ་དང་། དེ་གའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་བྲ་ཕྱེ་དང་། བྲ་ལོའི་ཇ། བྲ་བོའི་ཐུག་པ། བྲ་བོའི་ལུས་ཁམས་གསོ་བའི་སྔས་མགོ་སོགས་རིམ་བཞིན་གྲོང་སྡེ་ཆུང་ངུ་དེའི་མིང་བྱང་ལྟ་བུར་འགྱུར་བཞིན་ཡོད།

བསྟན་དར་ལགས་ནི་དེ་གའི་མཉམ་ལས་ཁང་གི་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་ཞིག་ཡིན་པ་དང་ཁོང་གིས་མང་ཚོགས་ཚོར་སྐུལ་སློང་དང་སྣེ་ཁྲིད་བྱས་ཏེ་མཉམ་དུ་ཕྱུག་པོ་ཆགས་པ་བྱེད་རྒྱུའི་ཐད་སེམས་ནུས་ཡོད་རྒུ་བཏོན་ཡོད་པ་རེད། སྤྱི་ལོ་༢༠༡༢ལོའི་ཟླ་བ་༨པར་མཉམ་ལས་ཁང་དེ་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རོགས་སྐྱོར་འོག་བཙུགས་པ་དང་། སྐབས་དེ་དུས་ཤང་ནང་ཁོངས་ཀྱི་འཚོ་བར་དཀའ་ངལ་ཡོད་པའི་ཁྱིམ་དུད་༤༤ཡིས་མ་དངུལ་གྲབ་གསོག་དང་ངལ་རྩོལ་ནང་ཞུགས་པའི་རྣམ་པ་ཟུང་འབྲེལ་བྱས་ཏེ་མཉམ་ལས་ཁང་གི་མ་རྐང་ཁོངས་མིར་གྱུར་བ་དང་། ལོ་མཇུག་ལ་ཁེ་སྤོགས་བགོ་འགྲེམ་བྱེད་ཀྱི་ཡོད། མཉམ་ལས་ཁང་བཙུགས་རྗེས་བསྟན་དར་ལགས་དང་ཁོང་གི་ལས་རོགས་ཚོས་ཐབས་བརྒྱ་ཇུས་སྟོང་གིས་བྲ་བོའི་ཐོན་རྫས་ལས་སྣོན་བྱེད་རྒྱུའི་ཐད་ཚོད་ལྟ་འདྲ་མིན་སྣ་ཚོགས་བྱས་པ་དང་། ཁྲོམ་རར་རྟོག་ཞིབ་བྱས་ནས་སྲོལ་རྒྱུན་གྱི་བྲ་ཆེ་ཁོ་ནའི་བཀག་རྒྱ་ལས་སྒྲོལ་སྟེ་བྲ་བོའི་ཐུག་པ་དང་། བྲ་ལོའི་ཇ། བྲ་བོའི་ལུས་ཁམས་གསོ་བའི་སྔས་མགོ་སོགས་ཐོན་རྫས་མང་དག་ཞིག་ཐོན་སྐྱེད་བྱས་པས་མཉམ་ལས་ཁང་གི་དཔལ་འབྱོར་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་གང་ལེགས་ཐེབས་ཡོད། སྤྱི་ལོ་༢༠༡༥ལོའི་ལོ་མཇུག་ཏུ་སླེབས་དུས་མཉམ་ལས་ཁང་གི་ཐོན་རྫས་བྲིན་ཚོང་རིན་ཐང་སྒོར་བདུན་འབུམ་ཙམ་ཟིན་ཡོད་ཅིང་། དུད་ཁྱིམ་དབུལ་པོའི་ཞིང་པ་མང་པོ་ཞིག་གིས་མཉམ་ལས་ཁང་ལ་བརྟེན་པ་དང་ངལ་རྩོལ་ནང་ཞུགས་པ་བརྒྱུད་འཚོ་བར་ལེགས་བཅོས་གང་ལེགས་ཐེབས་ཡོད།

མིག་སྔར་མཉམ་ལས་ཁང་གིས་ད་དུང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མ་གཉིས་ཀྱི་སློབ་ཡོན་འགྲོ་གྲོན་གཏོང་རྒྱུར་རོགས་སྐྱོར་བྱས་ཏེ་ཁོ་ཚོའི་སློབ་ཆེན་གྱི་རྨི་ལམ་མངོན་འགྱུར་བྱེད་རོགས་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

འདི་གར་ལས་ཀ་བྱེད་མཁན་པད་མ་ཚེ་རིང་གིས་དེ་སྔོན་རང་ཉིད་ཀྱི་འཚོ་བར་དཀའ་ངལ་ཆེན་པོ་ཡོད། མཉམ་ལས་ཁང་གིས་རོགས་སྐྱོར་ཤུགས་ཆེན་བྱས་བྱུང་། ང་རང་དེ་གར་ལས་ཀ་བྱས་ནས་ཡོང་འབབ་ཡག་པོ་འདུག་ལ་ལས་ཞོར་དུ་ཁྱིམ་ཚང་ལ་ལྟ་རྟོགས་ཀྱང་ཡག་པོ་ཡོང་གི་འདུག ཕྲུ་གུ་གསུམ་སློབ་གྲྭར་གཏོང་རྒྱུའི་ཐད་དཔལ་འབྱོར་གྱི་རྒྱབ་རྟེན་བྱུང་སོང་ལ་སེམས་ཤུགས་ཡང་ཆེན་པོ་སྐྱེས་བྱུང་། མདོར་ན་དེ་སྔོན་དང་བསྡུར་ཚེ་ངའི་འཚོ་བར་ལེགས་བཅོས་གང་ལེགས་བྱུང་སོང་། མ་འོངས་པར་ཕྱུག་འགྱུར་ལམ་བཟང་ཐོག་བསྐྱོད་རྒྱུར་ང་རང་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད་ཅེས་གསུང་གི་འདུག

མཉམ་དུ་ཕྱུག་པོ་ཆགས་པ་བྱས་ནས་མཉམ་དུ་འབྱོར་འབྲིང་བསྐྲུན་རྒྱུ་ནི་མཉམ་ལས་ཁང་གི་ལས་དོན་མཐའ་དག་གི་ཕུགས་ཀྱི་དམིགས་འབེན་ཡིན་ཞིང་། ལོ་ལྟར་དུས་ཆེན་ཆེ་ཁག་སྐབས་མཉམ་ལས་ཁང་གིས་དཀའ་ངལ་ཡོད་པའི་དུད་ཁྱིམ་ལ་འཚམས་འདྲི་ཞུ་རྒྱུ་དང་། ཤང་གི་ལྟེ་བའི་སློབ་ཆུང་དང་བུ་བཅོལ་ཁང་སོགས་ལ་མ་དངུལ་ཞལ་འདེབས་རྒྱག་རྒྱུ། ཁྱིམ་ཚང་དཀའ་ངལ་ཡོད་པའི་བུ་ཕྲུག་སློབ་ཆེན་འགྲིམ་རྒྱུར་རོགས་རམ་བྱེད་རྒྱུ་སོགས་ཀྱི་ཐད་རང་ནུས་གང་ཡོད་འདོན་སྤེལ་བྱེད་ཀྱི་ཡོད་པས་སེང་གེ་ཤང་འདི་ཉིད་ཕྱུག་འགྱུར་ལམ་བཟང་ཐོག་བསྐྱོད་པར་ནུས་ཤུགས་གཙོ་བོ་འདོན་སྤེལ་བྱེད་མཁན་གྲས་ཤིག་ལ་གྱུར་དང་འགྱུར་བཞིན་ཡོད་དོ།།

རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།

གསར་འགོད་པ། སྤེན་པ་རྒྱ་མཚོ།