བརྩོན་ལྡན་སློབ་བུ་ཚོར་ཕུལ་བའི་འབེལ་གཏམ།

འོད་འཚོལ་བ།

སྣ་ཚོགས་འཕྲུལ་འཁོར་གློག་གི་སྒྲོན་འོད་ཀྱི་འཇིག་རྟེན།།

རབ་ལེགས་ཁང་བརྩེགས་གནམ་འདེགས་ཀ་བ་ཡི་རྟེན་གཞི།།

གཅིག་ལས་གཅིག་མཐོ་གནའ་མཁར་ཟི་ལུང་གི་གྲོང་ནས།།

བརྩོན་ལྡན་སློབ་བུར་གདམས་པའི་འབེལ་གཏམ་འདི་ཤོར་བྱུང་།།

ལས་བསྐལ་དུས་ཀྱི་བྱ་བ་འཇའ་ཚོན་གྱི་རི་མོ།།

ལྷན་འཛོམས་མ་ཡུམ་སློབ་གྲྭའི་ནམ་མཁའ་ནས་བྲལ་ཡང་།།

མི་འགྱངས་འཛོམས་པའི་རྟེན་འབྲེལ་གཡུང་དྲུང་གི་རི་མོ།།

སེམས་པའི་མེ་ལོང་ལྡེབས་སུ་གསལ་གསལ་དུ་ཡོང་ངེས།།

དགེ་ལེགས་དགེ་བའི་ལམ་སྟོན་དགེ་རྒན་ཚོའི་བཀའ་དྲིན།།

མ་དོར་མ་ལུས་སྙིང་དབུས་པད་ཚལ་དུ་འཆིང་ནས།།

སློབ་བརྩོན་སློབ་མའི་ལས་ཀར་དུས་རྟག་ཏུ་གཞོལ་ཞོར།།

བདེ་སྐྱིད་བདེ་དགེའི་དཔལ་ན་སློབ་བུ་ཚོ་བདེ་མོ།།

ས་སྟེང་མི་ལུས་བླངས་པའི་དོན་སྒོ་ནི་ཆེན་པོ།།

རིག་པའི་འོ་མཚོ་གཞིབས་པའི་གཏན་འདུན་གྱི་ཕུགས་འབྲས།།

སྣོད་གསུམ་སྐྱོན་གྱིས་མ་གོས་ལྷུན་འགྲུབ་དུ་གདའ་ན།།

མི་ཁ་མི་ཡིས་བཀུར་བའི་གཏན་ཚིགས་དེ་རྨད་བྱུང་།།

བཤད་བཤད་དོན་གྱི་ཁ་ཏ་ཞིམ་མངར་གྱི་འོ་མ།།

བློ་གྲོས་ལུས་ཟུངས་རྒྱས་པའི་འཚོ་བཅུད་དུ་རྫོགས་ནས།།

སློབ་བྱོལ་ཕྱི་འགྱངས་མེད་པའི་འབྲས་བུ་རུ་གྱུར་ན།།

ཁ་བརྡ་ཁ་ནས་ཤོར་བར་རིན་ཐང་ནི་ལྡན་ནོ།།

རང་བློ་རིག་པའི་མེ་ཏོག་ལྷུག་ལྷུག་ཏུ་རྒོད་པར།།

མཐུན་སྒྲིལ་རྡོག་རྩ་དམ་པོའི་འཆིང་ཞགས་དེ་མ་ལྷོད།།

སློབ་བརྩོན་བུང་བའི་གཤོག་གླུ་ལྷང་ལྷང་དུ་གྲགས་ན།།

ཕ་གཏམ་བུ་ལ་བཞག་པའི་ལོ་རྒྱུས་དེ་ཡག་པ།།

བུ་རབ་ཚིག་གཅིག་རྟ་བཟང་ལྕག་གཅིག་གི་ལེགས་བཤད།།

ལྕགས་དབྱུག་ཁབ་ཀྱི་བརྩོན་འགྲུས་སེམས་ཁོང་ལ་བཟུང་སྟེ།།

ཤེས་རིག་ཡོན་ཏན་དགོས་པའི་གོ་རྟོགས་དེ་ཐོབ་ན།།

དུས་རབས་ཉེར་གཅིག་བསུ་བའི་ལག་རྗེས་ཀྱི་དྭངས་མ།།

ཆེ་བཀུར་ཆུང་བྱམས་ཡ་རབས་གུས་སྲོལ་གྱི་ལམ་བཟང་།།

ཕན་ཚུན་བརྩི་འཇོག་སློབ་གྲྭའི་སློབ་མ་ཡི་སྒྲིག་ལམ།།

དཀའ་སྤྱད་སྡུག་རུས་སློབ་བརྩོན་འབྲས་བུ་ཡི་རེ་བ།།

ལེགས་པར་ཡིད་ལ་ཟུངས་ཤིག་བློ་གསལ་གྱི་ཁྱུ་ཚོགས།།

བརྡ་འཕྲིན་རིག་པའི་དབལ་ཁ་ཉིན་རེ་ལས་ཇེ་རྣོ།།

ཤེས་རིག་ཡོན་ཏན་རིན་ཆེན་གསེར་དངུལ་ལས་ལྷག་པ།།

བློ་གྲོས་རིག་པའི་རྩལ་ལ་ད་ལྟ་ནས་དྲངས་ཏེ།།

རང་སེམས་རྨོངས་མུན་འཐིབས་པའི་དོང་ཞབས་དེར་མ་ལྕེབས།།

གཞན་སྤྱོད་བྱ་བ་བཟང་བོ་མིག་དཔེ་ཡི་གཞི་མ།།

རང་སྐྱོན་དྲི་ངན་སེལ་བའི་ཐབས་ལམ་ལ་དགོངས་ཏེ།།

གུས་རྟག་བརྩོན་པ་བརྟན་པོས་སློབ་སྦྱོང་ལ་འབུངས་དང་།།

བསམ་དོན་རེ་བའི་ཉི་མ་སྙིང་དབུས་སུ་འཆར་རོ།།

༢༠༠༥-༡༠-༢༦ཉིན།