ཕ་སྐད་ལ་གྱེར་བ་་་་་་་་་་་་་་་་་་་་་་་་་་་་་་་་་་་་

美友7713337

གསེར་གྱི་དམུ་ཐག་རིང་མོ།

གྱེར་ཚིག ཁ་གྱའི་ཁྱུང་སྔོན།

གྱེན་མཁན། མྱི་ལྡོམ།

ཕ་སྐད་ལགས།

ཁྱེད་ཡོད་དུས་ངའི་ཕ་ཁྱིམ་ལ་གསེར་འོད་ཀྱིས་ཁྱབ་ཅིང་ཕ་ལོ་ལ་འཛུམ་མདངས་ཀྱིས་ཕྱུག ཁྱེད་མེད་ན་ངའི་ལུང་རྟོགས་ཀྱི་ཆོས་ཆར་དང་སྲིད་འབྱོར་གྱི་མཚོ་མོ་སྐམ་སོང་བ་མ་ཡིན་ནམ། ཁྱེད་མེད་ན་ཡབ་ཆེན་གྱི་བློ་ཁོག་མུན་ནག་རེད། ཡུམ་ཆེན་གྱི་བརྩེ་བ་སྐྱ་བོ་རེད། ཀྱེ་ཀྱེ་་་ས་ཆེན་པོའི་གཙུག་ན་འགྱིང་བའི་མི་རིགས་ཤིག་གི་སྐད་དང་ཡི་གེར་བལྟས་བལྟས་རིག་རིག་ལ་དམའ་མོའི་དོང་དུ་ལྷུང་དོན་ཅི། ཀྱེ་ཧུད་་་ངའི་མི་རིགས་ཀྱི་བླ་སྲོག་གི་གཟུངས་ཐག་འདི་ཆད་ལ་ཁད། ངའི་ལོ་རྒྱུས་ཀྱི་གསང་བ་འདི་འཐོར་ལ་ཁད། ངའི་བསོད་ནམས་ཀྱི་རྟེན་སྐལ་འདི་འཇིགས་ལ་ཁད། ཀྱེ་མ་་་་འདི་དག་བསམ་ན་ང་ངོ་མ་ངུ་རྒྱུ་རེ་ཡོང་གི དེ་དག་བཤད་ན་ངའི་རུས་རྐང་ལ་བསྲན་མི་ཚུགས་པའི་ན་ཟུག་ཅིག་སྐྱེས་ཀི ཀྱེ་མ་་་་ད་ནི་སྨྲེང་བའི་སྡུག་བཤད་དང་སྐྱོ་བའི་མཆི་མ་སོགས་བཙན་གྱིས་མིད་དེ། མགོ་ལུས་ཡན་ལག་དང་བཅས་པ་དྲང་བོར་བསྲིངས་ཏེ་ཁྱེད་ཀྱི་དངོས་གྲུབ་དང་ལོངས་སྤྱོད་ལ་རོལ་ན་ཅིའི་ཕྱིར་མ་ཆོག་པ་རེད་ཨང་་་་་་ཀྱེ་ཀྱེ་་སྐད་དང་ཡི་གེ་འདིའི་ཚེ་སྲོག་གི་བདག་པོ་ཁ་བ་གངས་ཅན་པ་་་་་་

ཕ་སྐད་ལགས

ཁྱེད་ཡོད་དུས་ངའི་སེམས་ནང་ལ་བདེ་སྐྱིད་ཀྱིས་ཁྱབ་ཅིང་མདུན་ལྗོངས་ལ་འོད་སྣང་གིས་འཁྱུད། ཁྱེད་མེད་ན་ངའི་མི་རིགས་འདི་ནི་ལག་སྟོང་ཡིན་ལ་འཛམ་གླིང་སྟེང་ན་མིང་རྟགས་ཙམ་ཡང་མེད། ཁྱེད་མེད་ན་དབྱར་ཟླ་དྲུག་པའི་ངོ་གདོང་འདི་ཡང་འཁྱག་དར་རེད། ཁྱེད་མེད་ན་སྙན་ངག་རྒྱལ་བོའི་བླ་ཤིང་འདི་ཡང་སྐམ་པོ་རེད། ལོ་རྒྱུས་བཤད་པའི་སྨྲ་ལྕེ་འདི་ཡང་ལྐུགས་པ་རེད། ཀྱེ་ཀྱེ་་་ཁྱེད་ཀྱི་ཉག་ཕྲ་བའི་ཚེ་སྲོག་གི་ལས་དབང་ལ་ཡང་ཡང་བསམ་ན་ང་ངོ་མ་སྨྲེང་རྒྱུ་ཞིག་ཡོང་གི ཀྱེ་ཧུད་་་ངའི་མི་རིགས་ཀྱི་སྲོག་རྩ་འདི་ལས་བྱེད་པ་དང་གྲོང་ཁྱེར་བ་ཚོས་བཅད་ལ་ཉེ། ངའི་ཕ་སྐད་ཀྱི་ལྗོན་པ་འདི་སློབ་གྲྭ་དང་སློབ་མའི་ཁྲོད་དུ་འགྱེལ་ལ་ཉེ། ངའི་སྲིད་འབྱོར་གྱི་མཚོ་མོ་འདི་རོང་འབྲོག་མཚམས་ན་སྐམ་ལ་ཉེ། ངའི་མི་ཚེ་ཡི་མར་མེ་འདི་ཆོས་པ་ཚོའི་མཆོད་སྟེགས་ན་གཟིམ་ལ་ཉེ། ངའི་སྲོག་དབུགས་ཀྱི་སྦུ་གུ་འདི་མང་ཚོགས་ཁྲོད་དུ་འགག་ལ་ཉེ། ཀྱེ་མ་་་་འདི་དག་བསམ་ན་ང་ངོ་མ་སྐྱོ་རྒྱུ་རེ་ཡོང་གི དེ་དག་བཤད་ན་ང་འཇགས་མི་ཐུབ་པའི་ཟུག་གཟེར་ཞིག་ལངས་ཀི ཀྱེ་མ་་་་ད་ནི་འདས་སོང་གི་དོན་དག་ལ་འཁང་ར་དང་མྱ་ངན་བྱས་པ་ལས་འབྱུང་འགྱུར་གྱི་ལམ་ཁ་དེ་ནས་ཁྱེད་ཀྱི་འཇིག་རྟེན་ལ་ཁྱིམ་གཞིས་གསར་བ་རེ་བསྐྲུན་ན་ཅིའི་ཕྱིར་མ་ཆོག་པ་རེད་ཨང་། ཀྱེ་ཀྱེ་་་་སྐད་དང་རིག་གཞུང་གི་མཐུ་འོག་ནས་ནར་སོན་པའི་ཁ་བ་གངས་ཅན་པ་་་་་

ཕ་སྐད་ལགས།

ང་དེ་རིང་ཁྱེད་ཀྱི་རུམ་ཁར་འབྱར་ཏེ་ཕ་མེས་ཚོའི་ལོ་རྒྱུས་ཀྱི་གསེར་སྒྲོམ་བསྔོག་ན་འདོད་ཀི ང་དེ་རིང་ཁྱེད་ཀྱི་པང་ཁུགས་སུ་ལོག་སྟེ་མི་ལོ་སྟོང་ཕྲག་གི་བང་མཛོད་ཕྱེ་ན་འདོད་ཀི ང་དེ་རིང་ཁྱེད་ཀྱི་མཛེས་སྡུག་རྫོགས་པའི་ཕ་ས་དེར་ཡོང་ན་འདོད་ཀི ང་དེ་རིང་ཁྱེད་ཀྱི་ལང་ཚོས་བསྐྲུན་པའི་རྨི་ལམ་གྱི་གར་སྟེགས་དེར་འཛེགས་ན་འདོད་ཀི ངས་དེ་རིང་ཁྱེད་ཀྱི་གསེར་མདོག་གིས་ཁེངས་པའི་རྣང་ཞིང་གྲུ་བཞིའི་ལོ་ལེགས་སྙེ་མར་རེག་ན་འདོད་ཀི ང་དེ་རིང་ཁྱེད་ཀྱི་ལས་དང་ལམ་གཅིག་པའི་པའི་ཕུ་ནུ་མིང་སྲིང་ཚོའི་རྩེད་ར་དེར་ལྷག་ཏུ་བལྟ་རུ་ཡོང་ན་འདོད་ཀི ཀྱེ་ཀྱེ་་་་ངའི་སྙིང་ཉེ་བའི་གདོང་དམར་བ། ངའི་ཁྲག་རྒྱུན་གཅིག་པའི་བོད་པ་ཚང་། ངའི་རུས་རྐང་ལ་འཐིམ་པའི་ཡི་གེ་སུམ་ཅུ། ངའི་ཟུངས་ཁྲག་ལ་དྲངས་པའི་དབྱངས་བཞིའི་ང་རོ། ཆེས་ཐོག་མའི་གདངས་དབྱངས་འཇམ་པོ། ཆེས་ཐོག་མའི་ཟས་མཆོག་སྣུམ་པོ། ཨེ་མ་་་་་ཁྱེད་ནི་ཅི་འདྲའི་མཚར་ཞིང་ཅི་འདྲའི་མཛེས།

ཕ་སྐད་ལགས།

དབྱངས་གསལ་སོ་བཞི་་་་་