ཡུལ་མདོ་སྨད་ལྷོ་རྒྱུད་འཛིན་མའི་རྒྱན།།

མགོན་མི་འཁྲུག་རྒྱལ་བ་བཞད་པའི་ཞིང་།།

ཆོས་མདོ་སྔགས་བཤད་སྒྲུབ་འབྱུང་བའི་སྡེ།།

དཔལ་བླ་བྲང་བཀྲ་ཤིས་འཁྱིལ་བ་དྲན།།

ལམ་བསླབ་གསུམ་ཏིང་འཛིན་སྒོམ་གྱིས་སྒྲུབ།།

ལུང་སྡེ་སྣོད་འཆད་ཉན་རིགས་པས་རྩོད།།

འཁོར་བུ་སློབ་བྱམས་བརྩེ་འཛུམ་གྱིས་བསྐྱངས།།

མགོན་བཤེས་གཉེན་སྐུ་དྲིན་ཆེ་རྣམས་དྲན།།

དུས་ད་ལྟ་འཇིག་རྟེན་འདུ་འཛིའི་ཁྲོད།།

ང་བློས་ཐུབ་གྲོགས་མེད་གཅིག་བུར་འཁྱམ།།

སེམས་དམུ་རྒོད་ཁ་ལོ་གཅུན་པར་དཀའ།།

སྒོས་ཉོན་མོངས་བག་ཆགས་མཐུ་དཔུང་བཙན།།

མཐོ་བླ་མས་དཔལ་འབྱོར་དབང་ཐང་རྩོད།།

ཆོས་རྨོངས་དད་ཕྱོགས་རིས་གདོན་གྱིས་བརླམས།།

བླུན་ནོར་རྐྱལ་ཐོགས་པའི་དཔོན་ཐོབ་བཟུང་།།

ལས་དྲང་བདེན་མི་གཙོ་གཡོ་སྒྱུ་བྲིན།།

ངས་ལན་རེར་དད་པས་དག་སྣང་སྦྱངས།།

ངས་ལན་རེར་ལས་ངན་འབྲས་བུར་སྒོམ།།

ལན་མང་བོར་ཁ་ཡག་ངོ་དགའ་བྱས།།

དུས་རྒྱུན་པར་ཤེས་རབ་ཐབས་ཀྱིས་བསྐྱངས།།

ང་ལན་རེར་ཡིད་ཆད་བློ་ཕམ་བྱུང་།།

ངས་ལན་རེར་སྙིང་སྟོབས་སྤོབས་པ་བསྐྱེད།།

དུས་རྒྱུན་པར་བླ་མ་བཤེས་གཉེན་རྣམས།།

གསུང་ཡིད་ལ་དྲན་ནས་གསོལ་འདེབས་བྱས།།

ཚེ་མི་རྟག་ནམ་མཁའི་གློག་བཞིན་བསམ།།

སྡིག་འཁོར་བའི་གནས་ལ་ཞེན་པ་བསྟུངས།།

སྒོས་བྱང་ཆུབ་སེམས་དང་བསྡུ་བཞི་བསླབ།།

དགེ་གང་བྱས་དོན་གཉིས་འགྲུབ་པར་བསྔོས།།

གཞུང་བཀའ་པོད་ཐོས་བསམ་བརྩོན་པས་སྦྱངས།།

ལམ་ཉམས་ལེན་ལྟ་བ་རྒྱུད་ལ་སྦྱར།།

སྔགས་རྒྱུད་སྡེའི་དབང་ལུང་མན་ངག་དེ།།

སེམས་འོད་གསལ་འཆར་བའི་གྲོགས་སུ་བསྟེན།།

ཕྱི་སྣོད་བཅུད་སྤྲོས་པ་སེམས་སུ་སྡུད།།

ནང་སེམས་ཉིད་རྗེས་གཞིག་བསམ་གཏན་སྒོམ།།

བསམ་མི་ཁྱབ་ཕྱག་རྒྱའི་ཀློང་ཡངས་ན།།

སྟོང་བདེ་ཆེན་སྒྱུ་མའི་རོལ་པ་འཛིན།།

རྣོ་ཤེས་རབ་རལ་གྲི་འབར་བ་ལ།།

སྟོབས་བསོད་ནམས་རྡོ་རྗེའི་ཡུ་བ་བརྟན།།

དགྲ་ཉོན་མོངས་མཁར་སྒོ་བཙན་ན་ཡང་།།

སྔགས་ནུས་མཐུའིདཔུང་སྡེ་ཇི་ལྟར་ཁོག།

ཡིད་ལྷ་ཚོགས་སྤྲོ་བསྡུའི་ཀློང་ཡངས་ན།།

ངག་གཟུངས་སྔགས་ཟབ་མོའི་བརྗོད་པ་བདེ།།

ལུས་སྐྱོན་བྲལ་ཟླ་བའི་ལང་ཚོ་ལ།།

ལྷའི་བྱིན་རླབས་བདུད་རྩི་འོད་ལྔ་འཁྱིལ།།

རྗེ་བླ་མའི་བྱིན་རླབས་དྲོད་ཀྱིས་གསོ།།

ལྷ་འཁོར་ལོ་སྡོམ་པས་དངོས་གྲུབ་སྙིལ།།

མགོན་ཆོས་སྐྱོང་སྡོང་གྲོགས་ཚུལ་བཞིན་སྒྲུབ།།

མ་མཁའ་འགྲོའི་འཁོར་ཚོགས་གར་གྱིས་བྲེལ།།

གླུ་ལེན་པ་རང་སྣང་རྡོ་རྗེའི་ཤུགས།།

བྲོ་བརྡུང་བ་གཤིས་ལུགས་སྒྱུ་མའི་རྩལ།།

ཨ་ལ་ལ་འདི་འདྲའི་སྐྱིད་པ་ལ།།

ཨེ་མ་ཧོ་སྤྲོ་བའི་མགུར་ཞིག་བཞེངས།།

ཞེས་ཨོའུ་རྒྱ་སྤྲུལ་མིང་བས་དཔལ་འཁོར་ལོ་སྡོམ་པའི་ཐུན་མཚམས་སུ་གྱེར་པའོ།།

ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན།

༧ རིག་གནས་བྱང་ཆུབ་གླིང་གི་འཕྲིན་སྟེགས་ནས།
སྤྱི་ལོ ༢༠༡༧ ལོའི་ཟླ ༡བོའིཚེས ༢༥ལ