༈མཚན་མོ་དེའི་མུན་པ།
• རོ །
ཟླ་འོད་རབ་རིབ་ཕོགས་པའི་མཚན་མོ་དེར
ངས་རང་ཉིད་ལ་མགུར་གླུ་བླངས་ཟིན
རྨི་ལམ་ལ་སྟ་གོན་ཅི་ཡང་མེད་པས
ང་སྔར་བཞིན་གཉིད་ལ་ཆགས་པ་ཤོར་ཨང
ཁུ་སིམ་པའི་རི་གྲོང་ཞིག་ནས
ངས་རང་ཉིད་བོར་བ་ཧ་ཅང་སྐྲག
རླུང་བུ་གདོང་ལ་ཕོག་ཚེ
གྱང་ཁུག་ན་གནས་པའི་བུ་མོ་མཛེས་མ་དེས
ང་ལ་ཟུར་མིག་ཡང་ཡང་འཕངས་སྲིད་དམ
༢༠༡༧-༡-༥-ལ། མཚན་མོ་དེའི་མུན་པ།
འོད་ཀྱི་གོང་བུ་ལ་རེ་བའི་མུན་པ།།
ཉི་མའི་ཚུལ་རོལ་གྱི་གཞིས་ཁྱིམ་ཞིག་ཡིན།།
རེ་བའི་ཞིང་ཁམས་ན་གཉིད་པའི་རྣམ་ཤེས།།
གྲོགས་དང་གྲོགས་པོ་ཡི་འདུན་མ་ཞིག་ཡིན།།
ལྷོད་ལྷོད་སེམས་ངོགས་ཀྱི་བདེ་བ་ཆེན་མོ།།
མྱི་ཚེའི་གར་སྟབས་ཀྱི་རོལ་མོ་འདི་ཡང་།།
གཡོ་མེད་ངེས་གཏན་གྱི་འདུན་མ་གསོན་པོ།།
འཇའ་དང་རི་མོའི་ཟོལ་གྱིས་ཕྱིར་དྲན་ལགས།།
དབྱངས་གྲོལ་ནས་་་་་་ མཚན་མོ་དེའི་མུན་པ།
སྙན་ཁུག
ང་རང་ལྷིང་འཇགས་ངང་བགྲོད་སྐབས་
མཚན་མོ་དེའི་མུན་པ་དང་གདོང་ཐུག་བྱུང་།
ཡིད་སྐྱོ་བ་ཞིག་ལ་ངས་ཁ་ནས་ཚིག་ཅིག་ལྷུང་སོང་།
དེ་ནི་མཚན་མོ་དེའི་མུན་པ་ཞེས་པའི་ཐ་སྙད་དེ་ཡིན།
མཚན་མོ་དེའི་མུན་པ་ནི་ང་ལ་མི་དབང་པར་འདས་སོང་།
ཅིའི་ཕྱིར་མི་དབང་པ་ཡིན་ནམ།
ང་ཡི་དབྱིབས་དང་གཟུགས་གཞི་སོགས་མཚན་མོ་དེའི་མུན་པ་དང་
ཆ་མི་མཚུངས་ལ་ཁ་ཁ་ཡིན་པའི་རྐྱེན་གྱིས་ཡིན་མོད།
དྲང་མོ་ལབ་ན་མཚན་མོ་དེའི་མུན་པ་ནི་ང་ལ་སྤྲོ་བ་མི་འདུག
མཚན་མོ་དེའི་མུན་པ་ལ་ང་ཧ་ཅང་འཇིགས་སྐྲག་སྐྱེས་ནི་ཞིག་རེད།
ཅིའི་ཕྱིར་ཞེ་ན། ང་མུན་ནག་ལ་བགྲོད་པ་འཇིགས། གལ་ཏེ་མུན་ནག་ལས་བགྲོད་དགོས་ན་མྱི་དེ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་དགོས་པ་ལས་ཐད་ཀར་དུ་མུན་ནག་བགྲོད་དགོས་ལབ་པ་ནི་སྟོང་གཏམ་ཁོ་ན་ཡིན་མོད། མཚན་ཉིད་ནི། ཡེ་ཤེས་སྤྱན་དང་མཁྱེན་པ་ཡོད་པར་ཞུ།
མཚན་མོ་དེའི་མུན་པ།
༉ ལམ་ཟན་པ།
སེམས་པ་མཚན་མོ་དེ་ལ་ཆགས།།
རྣམ་ཤེས་མུན་པ་དེ་ལ་འཐིམ།།
སྡུག་བསྔལ་མུན་པའི་དབྱིངས་སུ་བསྲེས།།
ཚོར་བ་མཚན་མོའི་ཀློང་དུ་གྱེར།།
སེམས་པ་མཚན་མོ་དེ་ལ་སྡང་།།
རྣམ་ཤེས་མུན་པ་དེ་དང་འཐམས།།
དགའ་སྐྱོ་མུན་པའི་རྐེ་ལ་བཅིངས།།
རྨི་ལམ་མཚན་མོའི་ལག་ཏུ་བཞག །
༿མཚན་མོ་དེའི་མུན་པ།༾
པདྨ།
མུན་པ་རུབ་སོང་།
སྒོ་ལྔའི་ཤེས་པའང་གཅིག་ཏུ་ཚུད་ལ་རན།
མཚན་མོའི་རང་གཤིས་ལ་དེ་བས་མི་དགའ་རུང་།
ཆོས་ཉིད་ལ་ངོ་རྒོལ་ཨེ་ཐུབ།
ང་ལན་ཐེངས་གཅིག་ལ་བྱས།
འོན་ཀྱང་མུན་པ་ནི་མུན་པ་རང་རེད།
འོད་ཀྱི་ཐིག་ལེ་མེད་པའི་མཚན་མོའི་མུན་པ་རེད།
དེའི་སྐབས་སུ་བདག་ཡིད་དཀར་འོད་ལ་ཞེན་མོད།
མཚན་མོ་དེའི་སྨུག་རིམ་གྱིས་བདག་གི།
སྒོ་ལྔའི་པད་ལོ་གཅིག་ཏུ་ཟུམ་པར་བྱས།
ཡིད་ཀྱི་མུན་པ། རྣ་བའི་མུན་པ།
ལྕེ་ཡི་མུན་པ། མིག་གི་མུན་པ་སོགས་ཀྱིས།
ངའི་འོད་ཀྱི་ཕོ་བྲང་ལ་ཡུན་དུ་བཀག
དཔའ་བོ་དུ་མ་ཞིག་གི་ཟུངས་ཁྲག་དྲོན་མོ།
ཕ་ཡུལ་བའི་གཉིད་ཁུགས་ལ་མཆོད་ཀྱང་།
མེ་ལྕེ་ལྷབ་ལྷུབ་དང་དུ་བ་ལྷོག་ལྷོག་གི་དབུས་ན།
ལ་རྒྱའི་རྣམ་ཤེས་ངོ་སོ་བསྟོད།
མཚན་མོ་དེའི་མུན་པའི་འདབས་ནས།
སྙན་ངག་གི་མཆོད་རྟེན་ཞིག་བཞེངས་ནས།
ཁྱོད་ཚོའི་མུན་པ་ལས་བསལ་བའི་རླབས་མཛད་དེ་དག
གཞི་རུ་བཅུག་ནས་མ་འོངས་གཞོན་ནུ་ཚོས་རྟོགས་པའི་ལོ་རྒྱུས་འབྲི་ཡོང་།
<<མཚན་མོ་དེའི་མུན་པ།>>
སྨྲ. དུག་ལྕེ།
ཟླ་འོད་གསལ་མེ་གན་མུན་པའི་འཐིམ་བཞིན།།
མཚན་མོའི་སྐར་ཚོགས་དེའི་འུར་སྒྲ་སྒྲོག་བཞིན།།
བསིལ་རླུང་འཇམ་པོ་ཞིག་མཁའ་རུ་ལྡང་བཞིན།།
མི་རྐྱང་འཁྱམས་པོ་ངའི་རྨི་ལམ་དཀྲོགས་སོང་།།
ཕ་གཞིས་སྨུག་པོ་གན་ལས་ལ་གྱོན་བཞིན།།
གཡང་དཀར་འབྲི་མོ་དེའི་འོ་མ་འཐུང་བཞིན།།
མི་ཚོགས་མང་པོ་ཞིག་དགྲ་རུ་འཛིན་བཞིན།།
མི་རྐྱང་འཁྱམས་པོ་ངའི་འཚོ་བ་འགྱུར་སོང་།།
སྐྱབས་རྗེའི་བླ་མ་གན་ཡིད་ལ་སྒོམ་བཞིན།།
ཚེ་གཅིག་ལས་དབང་དེའི་ཡོད་ཚད་འཚོལ་བཞིན།།
ལྷག་བསམ་དཀར་པོ་ཞིག་ལས་དང་འབྲེལ་བཞིན།།
མི་རྐྱང་འཁྱམས་པོ་ངའི་བདེ་སྡུག་རྟོགས་སོང་། མཚན་མོ་དེའི་མུན་པ།
'. མེ་སྲས།
མཚན་མོ་དེར།
སྒེའུ་ཁུང་འགྲམ་གྱི་བྱེའུ་ཧ་ཅང་གྲང་སྲིད།
ཟླ་འོད་གྲང་ཤུར་ཤུར་གྱིས་ཆུ་ངོགས་སུ་འཕོས་ཚེ།
མཆོད་མེའི་འོད་ཀྱི་མེ་ལྕེབ་དག
ཆུང་མའི་བག་ཁང་དུ་འཕུར།
མཚན་མོ་དེར།
ངའི་དཔེ་སྒྲོམ་གྱི་ལོགས་སུ་ཁྱོད་རང་བརྩིགས།
ཁྱོད་ཀྱིས་ང་ལ་ཐ་སྙད་རེ་འགའི་མེ་ཏོག་བཙུགས།
དེ་དུས་མི་སེམས་ལ་དགའ་དུང་གིས་རི་མོ་ཕབ་ཀྱང་།
འཁོར་བའི་འཕྲེད་གླིང་ལ་བག་ཆགས་ཤིན་ཏུ་ཟབ།
མཚན་མོ་དེར།
ཆུང་མའི་ང་ལ་སྙན་ངག་ཞིག་བྲིས།
འཚོ་བའི་སྒོ་ཐེམ་ཐོག་མ་ནས།
ངའི་དགའ་སྐྱོ་ཆགས་སྡང་གི་རྨི་ལམ་རྨིས་བྱུང་།
སྤྲོ་དགའི་བག་ལ་ཉལ་བའི་ཁོ་མོ།
ད་དུང་ངའི་ལོ་ཟླའི་འཁྱག་རོམ་གྱི་ཁྲོད་ན།
མུན་པར་སྤྲོ་བ་འཕེལ་གྱིན་འདུག.
ཕུགས་བསམ་ལ་གཤོགས་པ་ཐོགས་ཏེ་རྒྱང་དུ་བསྐྱོད་པ།