ཐེངས་འདིར་མིག་གསུམ་པའི་རྩོམ་རིག་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་༼ མིག་གསུམ་པའི་རྩོམ་རིག་གླེང་སྟེགས་སྐབས་བཅོ་ལྔ་བར༽་ དངོས་སུ་ཞུགས་ནས་མགོ་མཇུག་བར་གསུམ་དུ་ཞིབ་ཏུ་ཉན་ཞིང་བསམ་པས། རང་ཉིད་ལའང་སྐབས་འདིའི་གླེང་བྱའི་བརྩམས་ཆོས་ཐད་ནས་བསམ་ཚུལ་དང་ངོས་ཟིན་ཅུང་ཙམ་སྐྱེས་སོང་།

ཐེངས་འདིའི་གླེང་བྱའི་བརྩམས་ཆོས་ནི་རྩོམ་པ་པོ་ཁྲི་སེམས་དཔའ་ལགས་ཀྱི་སྙན་ངག་བརྩམས་ཆོས༼ ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས། ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས།༽ཞེས་པ་དེ་ཡིན་ཞིང་།རྩོམ་པ་པོ་ཁོ་རང་དངོས་སུ་གདན་འདྲེན་བྱས་ཏེ། རྩོམ་པ་པོ་དང་ལྷན་དུ་ཁོའི་བརྩམས་ཆོས་འདི་ལ་དབྱེ་ཞིབ་དང་དཔྱད་པ། བགྲོ་གླེང་སྣ་ཚོགས་སྤེལ་ཞིང་། སློབ་གྲོགས་རེ་རེས་རང་ཉིད་ཀྱིས་སྙན་ངག་འདིའི་བརྗོད་བྱའི་ཐད་ལ་གོ་བ་ཅི་འདྲ་བླངས་ཚུལ་དང་། སྙན་ངག་འདིའི་རྗོད་བྱེད་ཀྱི་ཆར་ཁྱད་ཆོས་གང་དག་མཆིས་པ་སོགས་ཀྱི་བསམ་ཚུལ་ལྷག་ལུས་མེད་པར་བརྗོད་སོང་།

སྐབས་དེར་ངས་ཀྱང་སྙན་ངག་བརྩམས་ཆོས་འདི་ཡང་དང་བསྐྱར་དུ་བཀླགས་ཤིང་རང་ཉིད་ཀྱིས་བསམ་ཕྱོགས་ལྟར་གོ་བ་ཅུང་ཙམ་བླངས།

རྩོམ་པ་པོ་ཁྲི་སེམས་དཔའ་ལགས་ཀྱི་སྙན་ངག་བརྩམས་ཆོས༼ ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས། ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས།༽ ལ་མཚོན་ན།

ཁ་བྱང་ནི་རྩོམ་རིག་ཐམས་ཅད་ཀྱི་མིག་ལྟ་བུ་ཡིན་ཞེས་པ་ལྟར་དུ། ཁ་བྱང་འདི་ལས་རྩོམ་པ་པོས་འབྲི་འདོད་པའི་ལྷ་ས་སྟེ།དུས་སྐབས་གཉིས་ཁྲོད་ཀྱི་ལྷ་སའི་རྣམ་པ་དང་འགྱུར་ལྡོག གནས་བབ་སོགས་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་གཞིར་བཟུང་ནས་གཤིབ་བསྡུར་གྱི་འབྲི་ཐབས་སྤྱད་དེ་བྲིས་ཡོད་པ་ཤེས་ཐུབ།དེ་ལས་དང་པོ་ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས་ནི་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེ་ནི་བོད་ཆེན་མོའི་བཙན་པོའི་ལོ་རྒྱུས་དུས་ཀྱི་ལྷ་ས་སྟེ།སྤྱི་ལོ་དུས་རབས་བདུན་པའི་ལོ་རབས་ཉི་ཤུའི་མཇུག་མཚམས་སུ་ཨེ་ཤར་དབུས་གླིང་ཕྱོགས་ཀྱི་སྤུ་རྒྱལ་བོད་ཀྱི་ལོ་རྒྱུས་གར་སྟེགས་སུ་འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲོང་བཙན་ཏེ་འབངས་ཀྱིས་མཚན་གསོལ་བ་སྲོང་བཙན་སྒམ་པོ་ཞེས་པའི་མངའ་བདག་ཆེན་པོ་དེ་བྱོན།མི་རྗེ་དེ་ཉིད་ཀྱིས་མཚོ་བོད་མཐོ་སྒང་གི་ཡུལ་གྲུ་སོ་སོ་གཅིག་གྱུར་བྱས་ཏེ་བོད་བཙན་པོའི་རྒྱལ་ཁབ་བཙུགས་ཤིང་།དེ་ནས་བཟུང་།བོད་སྤྱི་ལ་དབང་བསྒྱུར་བའི་ཆོས་ཀྱི་རྒྱལ་བོ་དབུར་བཞུགས་པ།བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ལྟེ་བར་གྱུར་བ།ཕྱོགས་བཞི་དགྲ་བོ་འདུལ་པའི་དམག་གི་དཔུང་ཤུགས་ཆེ་བ། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཙན་པ། ཆོས་ཀྱི་སྡེ་ལ་བརྩི་ཞིང་བཀུར་བ། ཕྱོགས་བཞིའི་རྒྱལ་ཕྲན་མང་པོ་དབང་དུ་བསྡུས་ཤིང་སྲིད་དོན་གཅིག་ཏུ་བསྡུས་ཏེ་མངའ་ཁོངས་རྒྱ་བསྐྱེད་ནས་སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་བ། བོད་རང་གི་སྐད་དང་མཐུན་པའི་ཡི་གེ་གསར་བཟོ་མཛད་དེ་བོད་ཡུལ་དུ་ཤེས་རིག་གི་སྒྲོན་མེ་སྦར་བ་སོགས་ཀྱི་ལོ་རྒྱུས་ཀྱི་སྙིང་བཅུད་ཅིག་ནང་དུ་སིམ་ཡོད་ལ།འཛམ་གླིང་གི་མི་རིགས་གང་ཞིག་དང་རྒྱལ་ཁབ་གང་ཞིག་ཡིན་རུང་།བོད་བཙན་པོའི་རྒྱལ་ཁབ་ཅེས་པའི་མཚན་སྙན་གྲགས་འབྲུག་སྒྲ་ལྟར་མཆེད་པས། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་གདོང་ཐུག་དྲག་ཏུ་རྒོད་ཅིང་ཕྱོགས་བཞི་བརྟན་འཇགས་མིན་པའི་དུས་སྐབས་དེ་ལ་མཚོན་ན། དེ་ནི་ཁོ་ཚོའི་སེམས་ཀྱི་གནོན་ཤུགས་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། དེ་ཚོའི་ཁྲོད་ལ་ལ་ཞིག་བོད་བཙན་པོའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་སྨོན་པ་མ་ཤོར་བའི་ངེས་པའང་མ་མཆིས་པས། སྐབས་དེའི་ལྷ་ས་ནི་བོད་མི་རིགས་ཀྱི་སེམས་ཁོང་གི་ཉི་མ་ལྟ་བུ་སྟེ་དྲོད་ཀྱིས་ཕྱུག་ཅིང་། འོད་ཀྱིས་འཚེར་བ། འཛམ་གླིང་གི་ཡུལ་གྲུ་སོ་སོའི་དབུ་རུ་བཞུགས་པ་ཞིག་ཡིན་པས། རྩོམ་པ་པོས་ཀྱང་ལོ་རྒྱུས་ཁྲོད་ཀྱི་ལྷ་སའི་གཟི་བརྗིད་དང་སྙན་གྲགས་རབ་ཏུ་དྲན་ནས། སྐབས་དེའི་ལྷ་སའི་གནས་བབ་ལེགས་པོར་ཡིད་ཀྱི་སྨོན་པ་ཤོར་ཏེ།ད་ལྟའི་ལྷ་སའི་གནས་བབ་དེ་ཡང་བསྐྱར་དེ་ལྟ་བུ་ཞིག་ཏུ་གྱུར་ན་ཅི་མ་རུང་སྙམ་པའི་སེམས་ཚོར་དྲག་པོ་ཞིག་ཀྱང་ཅིག་ཅར་དུ་སིམ་ཡོད།འདི་དག་ལས་རྩོམ་པ་པོས་གླེང་འདོད་པ་ནི་ལྷ་ས་ཁོ་ན་མ་ཡིན་པར། ལྷ་ས་མཚོན་བྱེད་དུ་གྱུར་བའི་བོད་མི་རིགས་སྤྱིའི་གནས་བབ་སྟེ། སྐད་ཡིག་དང་འཚོ་བའི་གོམས་སྲོལ། དད་མོས་དང་གུས་ལུགས། ངལ་རྩོལ་སོགས་ཀྱི་རིག་གནས་ཐུན་མོང་མ་ཡིན་པ་གཙོར་མཛད་པའི་བོད་མི་རིགས་འདི་གླེང་བ་རེད།

གཉིས་པ་རྩོམ་པ་པོས་བྲིས་པའི་ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས་ནི་ཅི་འདྲ་ཞིག་རེད་ཟེར་ན། དེའང་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ངེས་ཅན་ཞིག་ཏུ་བྱུང་བའི་གཡོ་འགུལ་ཞིག་བརྗོད་ཡོད་པ་སྟེ།བོད་བཙན་པོའི་རྒྱལ་རབས་མཐའ་མ་འུ་དུམ་བཙན་པོས་སྲིད་བཟུང་རྗེས། མངའ་བདག་དེས་ཆོས་སྡེ་ལ་མི་བརྩི་བ། སངས་རྒྱས་ཀྱི་བསྟན་པ་བསྣུབ་འདོད་ཅིང་རབ་བྱུང་བ་རྣམས་རི་དྭགས་བཤོར་དུ་བཅུག ལ་ལ་ཁྱིམ་པ་བྱེད་དུ་བཅུག་པ་སོགས་བྱས་པས། བསྟན་བསྣུབས་ལྕགས་བྱ་ལོ་ཞེས་བྱུང་།ལྷ་ལུང་དཔལ་རྡོར་གྱིས་མངའ་བདག་བགྲོངས་བ་ནས་བཟུང་། བོད་བཙན་པོའི་རྒྱལ་ཁབ་ཐོར་ཞིག་ཏུ་གྱུར་འགོ་བརྩམས་ཤིང་།དེ་ནས་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་སིལ་བའི་སྐབས་ཞེས་གྲགས་པ་འདི་ཉིད་བྱུང་།བོད་ཀྱི་མངའ་ཁོངས་ཐད་དུའང་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་འགྱུར་ལྡོག་སྣ་ཚོགས་ཞིག་བྱུང་། ཡིན་ནའང་སྐབས་དེར་བོད་མི་རིགས་ནི་ཧ་ཅང་ཉམ་ཐག་པ།ཡིད་མུག་པ་ཞིག་མ་ཡིན་པར་ཇོ་བོ་རྗེས་བསྟན་པའི་མེ་རོ་མདོ་ཁམས་ཡུལ་དུ་གསོས་ཞེས་བསྟན་པ་ཕྱི་དར་གྱི་རླབས་ཕྲེང་བླར་ནས་བླར་འཕེལ་བས།རྩོམ་པ་པོས་ལོ་རྒྱུས་ཀྱི་དུས་སྐབས་ཟླ་འོད་ཀྱི་གྲང་ལ་བསིལ་བའི་བྱེད་ནུས་སམ་རང་བཞིན་ལ་སྦྱར་ནས་བྲིས་ཡོད་ལ།དེ་ལས་ལྷ་ས་ལྟེ་བར་གྱུར་བའི་སྲིད་དབང་ཞིག་གི་སྙན་གྲགས་མར་ཆགས་སོང་བའི་གནས་ཚུལ་བརྗོད་དེ།བོད་མི་རིགས་ཀྱི་རིག་གནས་དང་སངས་རྒྱས་བསྟན་པའི་འཕེལ་འགྲུབ་ལ་ལོ་རྒྱུས་ཀྱིས་གཤིབ་བསྡུར་བྱས་ཤིང་། རྩོམ་པ་པོ་ཡིད་སྐྱོ་བ་དང་ཧ་ཅང་སེམས་ཁུར་གྱི་གནས་སུ་ལྷུང་བའི་སེམས་ཚོར་བྲིས་ཏེ། རྩོམ་པ་པོ་རང་ཉིད་ལྷ་སར་དགའ་བའི་བསམ་བློའི་བརྩེ་དུངས་དང་། ད་ལྟའི་བོད་མི་དག་ལ་ལྷ་ས་ལ་གཅེས་སྤྲོས་བྱེད་དགོས་ཤིང་། ཉི་མ་ལྷ་ས་ནི་ནམ་ཡང་ང་ཚོའི་དད་སེམས་ཀྱི་གཟུངས་ཐག་ཡིན་ལ།ཤ་གསང་རུས་གསང་དུ་སིམ་པའི་འོད་ཀྱི་ཞིང་ཁམས་དེ་ཡིན་པར་སྐུལ་མ་བྱས་ཡོད།

རྗོད་བྱེད་ཚིག་གི་ཆ་ནས་ཡིད་འགུག་པའི་ཁོར་ཡུག་གི་རྣམ་པ་ཞིབ་ཏུ་བྲིས་ཤིང་། ཀློག་བདེ་ཞིང་གདངས་འགྲོས་གསལ་བ། གོ་དཀའ་བའི་ཐ་སྙད་དང་རྒྱན་སྣ་ཚོགས་ཀྱིས་མ་བཅངས་པ་སོགས་ཀྱི་ཁྱད་ཆོས་ཡོད་པས།ཀློག་པ་ཙམ་གྱིས་ཡིད་ངོར་འཐིམས་འགྲོ་བ་ཞིག་ཡིན།

སྤྱིར་ཉི་མ་དང་ཟླ་བ་གཉིས་ནི་བྱེད་ནུས་དང་འཆར་ནུབ་ཀྱི་དུས་ཚོད་ཀྱི་ཐད་ནས་ཧ་ཅང་ཁ་ཁར་སོང་བ་དང་གཞི་མཐུན་གྱི་ཆ་ཧ་ཅང་དཀོན་པ་ཞིག་ཡིན་ཀྱང་།ཟླ་བའང་ཧ་ཅང་གྲང་བ་དང་ཡིད་མུག་པ།

མི་རྣམས་དེ་ལ་སྡང་བ་སོགས་ཀྱི་མཚོན་བྱེད་དུ་མི་འགྲོ། རྒྱུ་མཚན་ཟླ་བ་ལའང་བསིལ་བའི་རང་བཞིན་དང་། མེ་ཏོག་ལ་ལ་ཟླ་བའི་འོད་ཀྱིས་ཁ་འབྱེད་པ་སོགས་ཀྱི་སྣང་ཚུལ་ཡོད་པས། སྙན་ངག་འདིར་རྩོམ་པ་པོས་ཟླ་འོད་ལ་སྦྱར་ཏེ་ལྷ་ས་བྲིས་ཡོད་པ་དེ་ལས་རྩོམ་པ་པོས་ལྷ་ས་མཚོན་བྱེད་དུ་གྱུར་བའི་བོད་མི་རིགས་ཀྱི་ཡིད་སྐྱོ་བ་དང་ཉམ་ཐག་པ།ཡིད་མུག་པ། རེ་ཐག་ཆད་པའི་གནས་བབ་ཞིག་བྲིས་ཡོད་ཟེར་ན་ཐལ་དྲག་སོང་སྙམ་སྟེ། ང་ཚོའི་ད་ལྟའི་གནས་བབ་དུ་མི་རིགས་གཞན་གྱི་རིག་གནས་ཀྱི་བཙན་འཛུལ་དང་གདོང་ཐུག སིམ་འཛུལ་སོགས་ཐེབས་བཞིན་ཡོད་ནའང་། དེ་འདྲའི་གནས་ཚུལ་འོག་ཏུ་ང་ཚོ་བོད་མི་རིགས་ལའང་གནོན་ཤུགས་དང་བྲེལ་ཤ་ཞིག་སློང་དང་སློང་བཞིན་ཡོད་པས། ང་ཚོས་རང་གི་རིག་གནས་ལ་ཇི་ལྟར་སྲུང་སྐྱོབ་བྱེད་པ་དང་ཇི་ལྟར་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བའི་ཕྱོགས་ལའང་སྐུལ་མ་དང་ཕན་ནུས་ཆེན་པོ་ཐོན་བཞིན་ཡོད་པ་གདོན་མི་ཟའོ།

2016.12.25.