རང་ཉིད་ལས་རྒྱལ་འདོད་ན་རྒྱུས་ལོན་དང་ཚོད་ལྟ་བྱ་དགོས།
ལམ་འགྲོ་བ།
སྤྱིར་དེང་སང་གི་སྤྱི་ཚོགས་ཁྲོད་དུ་སྤོབས་པ་དགོས་ཅེས་ལབ་མཁན་མང་བ་དང་།
ད་དུང་སྤོབས་པ་ཟེར་བའི་ཐ་སྙད་དེ་ཧམ་པ་དང་སྦྱར་ནས་བྱ་བ་སྒྲུབ་མཁན་ཡང་ཤིན་ཏུ་མང་མོད།
འོན་ཀྱང་ངས་བསམ་ན་སྤོབས་པ་ཟེར་བའི་ཐ་སྙད་སྐམ་པོ་ལ་འཐམས་སྟེ་
བྱ་བ་འགའ་ལ་རྒྱུས་ལོན་ཙམ་བྱེད་མཁན་རེ་གཉིས་མ་གཏོགས་མེད་པར་བསྡད་ན་ཉེ་དགོས་དང་མཐར་ཐུག་གི་དགོས་པ་ཅི་ཡིན་ཡང་འགྲུབ་ཆེས་དཀའ་ཁུ་དྲན་གྱིན་ཡོད།
ང་ཚོའི་སྤྱི་ཚོགས་ཁྲོད་ན་ནུབ་ཕྱོགས་པའི་བྱ་བ་དང་སྤོབས་པ། ད་དུང་ནུབ་ཕྱོགས་པའི་མི་དག་ལ་ཡིད་སྨོན་སྐྱེ་མཁན་ཡང་མི་ཉུང་བ་ཞིག་ཡོད་ཅིང་ཡོད་པ་དེ་ཡང་མཐོང་ཐོས་སོགས་མང་པོ་ཞིག་གིས་མྱོང་ཡོད་སྲིད་ལ་ངས་ཀྱང་མྱོང་།
ཉིན་ཁ་ཤས་སྔོན་ང་དང་ངའི་གྲོགས་པོ་ཞིག་དང་ལྷན་ངལ་གསོའི་སྐབས་སྐད་ཆ་ཅུང་ལབ་ཁྲོད་ནས།
ངས་ཁོང་ལ་ཞུ་རྒྱུར། ང་ཚོའི་བོད་པའི་སྤྱི་ཚོགས་ཁྲོད་ན་བསམ་བློ་དམན་ཤོས་འདྲ་བོ་དེ་བྱ་བ་གང་ལ་ཡང་ཚོད་ལྟ་དང་རྒྱུས་ལོན་བྱེད་མི་ཤིན་ཏུ་ཉུང་སྟབས་ཀྱིས་བྱ་བ་མང་པོ་
ཞིག་གི་ངོས་ནས་རྗེས་ལུས་དང་ལེ་ལོའི་དབང་དུ་ཤོར་འགྲོ་མི་འདུག་གམ་ཞེས་ཞུས་པས།
ཁོང་གིས་གསུང་རྒྱུར།
གདའ་གདའ་སྟེ། ང་ཚོའི་སྤྱི་ཚོགས་ཁྲོད་ན་སྤོབས་པ་དང་ཧམ་པ་གཉིས་དབྱེ་འབྱེད་མི་ཤེས་པ་དང་མི་རིགས་གཞན་ལ་ཡིད་སྨོན་གྱིས་དེའི་ཕྱོགས་སུ་ཅལ་འགྲོགས་བྱེད་པ་ལས་རང་ཉིད་ཀྱི་རྣམ་དཔྱོད་དེ་སྤོབས་པ་དང་སྦྱར་ནས་བྱ་བ་སྒྲུབ་མཁན་ཤིན་ཏུ་ཉུང་སྟབས་ཀྱིས་བརྒྱ་ཆ་མང་ཆེ་ཤོས་དེ་རྗེས་ལུས་སུ་ཐེབས་འདུག་པ་འདྲ་གསུངས་སོང་།
ངོ་མ་བཤད་ན་ང་ཡང་ནུབ་ཕྱོགས་པའི་སྤོབས་པ་དང་བསམ་བློ་ཀུན་སྤྱོད་སོགས་གང་ཐད་ལའང་ཡིད་སྨོན་ཤོར་མྱོང་།
ཁ་སང་སྐད་ཆ་དེ་ཐོས་སྐབས།
ངའི་བློ་ངོར་ཐོག་མར་འདི་ལྟར།
འོ་་་་་་དེ་རེད་དེ་རེད། ང་ཚོ་ལ་ཆེས་ཆ་ཚང་བའི་ལག་ཆ་དེ་རྣམ་དཔྱོད་ཡོད་པས། དེ་སྤོབས་པ་དང་སྦྱར་ནས་འབད་བརྩོན་བྱས་ན་ད་གཟོད་རང་ཉིད་ཀྱིས་རྒྱལ་ཁ་རང་ཉིད་ཀྱིས་ལེན་ཆོག་འདུག་ཅེས་དེ་ལྟར་སེམས།
རྒྱུ་མཚན་དེའི་ཕྱིར་ན་ང་ཚོས་སྤོབས་པ་དང་ཧམ་པ་ནོར་མི་ཉན་པ་མ་ཟད།
རྣམ་དཔྱོད་ཀྱི་ཚད་གཞི་ལ་རྒྱུས་ལོན་དང་ཚོད་ལྟ་བྱེད་དགོས།
ང་ཚོ་ངོ་འབག་གྱོན་པ་དང་། མ་ཚད་གཞན་གྱིས་མི་ཁ་དང་སྐྱོན་བརྗོད་ལ་སྐྲག་ནས་འདི་ལྟར་མི་ཚེ་རྫོགས་ན་མཐའ་མཇུག་འགྱོད་སློང་དང་མི་ཚེའི་རིན་ཐང་གང་ཡང་མེད་པར་རང་ཉིད་གཅིག་པུར་འགྲོ་ངེས།
ཅེས་ངག་དབང་མཐར་ཕྱིན་ནས་༢༠༡༦/༡༡/༡༥ཉིན་ལ་སློབ་གླིང་ནས་གྲོགས་ཡོངས་ལ་ཕུལ།