སྤོས་ཤེལ།(རྫ་ཆུ་ཁ་བ།)
སྒེའུ་ཁུང་གི་ཕྱོགས་བཞིར་དུབ་སེར་འཐུམ།
མུན་ནག་གི་གང་སར་བཙན་སྒེར་བཟུང་བས།
ཁྱོད་ཀྱིས་ཀྱང་ང་ངོ་ཤེས་དཀའ་བའི་མཚམས་སུ།
ངས་སྙན་ངག་འབྲི་བཞིན་ཡོད།
གཟའ་ཉི་མའི་སྨོན་ལམ་དང་དམ་ཚིག
མེ་ཏོག་ཅིག་གི་རྩ་རུ་ཡིབ་ལ།
མེ་ཏོག་གིས་སྒྱུར་བའི་ཁ་དོག་དེ་ག
ཅིས་ཀྱང་དྲན་པར་བྱེད་དུས།
ཐབ་མེ་ལ་ལྡིང་སྐོར་རྒྱག་པའི་སྲིན་འབུའི།
འུར་ཟིང་ཟིང་གི་སྐད་སྒྲས།
ངའི་རྫོགས་ལྡན་གྱི་འཆར་སྣང་དཀྲོགས་སོང་།
མ་གཞི་ནས་སྙན་ངག་འདི་འབྲི་དུས་ངལ་ནས་ཡོད།
ཐུག་ཕྲད་ཀྱི་རྐོམ་པ་ལང་བའི་ཡི་དྭགས་དེའམ།
ཟླ་ཐོག་ཟླ་རྩེག་གི་ལྷན་པ་དེ་ཚོ།
མེ་ལོང་ཞིག་གི་ངོས་སུ་ལྷན་དུས།
ང་རང་རྒས་འདུག་པའི་ཉམས་ཡན་ཞིག་ཤར་མྱོང་།
དེ་ཡང་མི་སྐྱོན་ཏེ།
སྙན་ངག་གི་ཚིག་རྐང་རེ་རེ་ཞིབ་འབྲི་བྱས་པས།
འཁྱག་སིབ་སིབ་ཀྱི་རྨི་ལམ་དམར་པོ།
ངའི་ཚེ་སྨད་འདིའི་གྲིབ་གཟུགས་ཁོ་ན་ལགས།
2016