༄༅།། ཞི་བྱེད་སྨན་མར་གྱི་ལག་ལེན།

玉树•邦琼医院🏥

ཞི་བྱེད་སྨན་མར་གྱི་ལག་ལེན།

ནད་རིགས་མཐའ་དག་གི་མཇུག་བཏོན་ནས་ཟུངས་སྟོབས་གསོ་ཞིང་གསལ་བར་བྱེད་པའི་ཕྱིར་སྤྱོད་པ་ཉིང་ཁུ་སྨན་མར་གྱི་སྦྱོར་བ་ལ་རྒྱུད་ཀྱི་དངོས་བསྟན་ཚ་སེལ་བཅུ་བཞི་དང་གྲང་སེལ་དགུ་སྟེ་སྨན་མར་གྱི་སྦྱོར་བ་ཉེར་གསུམ་གསུངས་ཡོད། དེ་དག་སྦྱོར་བ་ཙམ་ལས་ལག་ལེན་སྤྱིར་བཏང་གཅིག་མཚུངས་སུ་སྣང་། འདིར་དཔེ་མཚོན་ཙམ་རྒྱུན་སྤྱོད་འབའ་སམ་སྨན་མར་གྱི་ལག་ལེན་འཆད་པ་ལ་དྲུག་སྟེ། སྦྱོར་ཚད་དང་། ཁུ་བྱིན་ལྡིར་ཐབས། ཁ་ཚར་སྨན་འདེབས། ཕན་ཡོན། བསྟེན་ཐབས། དོ་སྣང་བྱ་དགོས་པ་བཅས་ལས།
࿃དང་པོ། སྦྱོར་ཚད། ཨ་རུ་ར། བ་རུ་ར། སྐྱུར་རུ་ར། ར་མཉེ། ཉེ་ཤིང་། ལྕ་རྩ། བ་སྤྲུ། གཟེ་མ། མར། འོ་མ། སྦྲང་རྩི། བུ་རམ། ཀ་ར། བཅས་ཚ་ཤས་ཆེ་ན་འབྲས་བུ་གསུམ་མང་ཙམ་དང་། མིག་ལ་འབྲས་བུ་གསུམ་ལྷག་པ་གལ་ཆེ། གྲང་ཤས་ཆེ་ན་རྩ་བ་ལྔ་མང་བར་བྱའོ།
࿃གཉིས་པ། ཁུ་བྱིན་ལྡིར་ཐབས། གོང་གསལ་སྦྱོར་བ་རྣམས་ལས། ཨ་རུ་ར་དང་། བ་རུ་ར། སྐྱུ་རུ་ར། ར་མཉེ། ཉེ་ཤིང་། ལྕ་རྩ། བ་སྤྲུ། གཟེར་མ།༼འདི་ལོགས་སུ་ཁུ་བ་ལྡིར་དགོས།༽ བཅས་ཆོམ་བརྡུང་བྱས་རྗེས་ཆུ་༨༠ཧྲེང་-༡༠༠ཧྲེང་བར་བླུགས་ཏེ་འཁོལ་རྒྱུན་མ་ཆད་པར་ཆུ་ཚོད་གཉིས་ཙམ་ལྡིར་བའི་དྭངས་མ་དེ་སུམ་ཆ་གཉིས་ཐིམ་ཙམ་སུ་ཚ་སེལ་ལ་བ་དང་ར། གྲང་སེལ་ལ་འབྲི་ལུག་གམ་མཛོའི་བཞོས་ཐོག་འོ་མ་ཁེ་༡༢༥༠༠བླུགས་༼འོ་མ་རོ་སྐྱུར་བ་དང་འཕྲད་ན་ཤི་འགྲོ་བས་སྔོན་ལ་འོ་མ་ལོགས་སུ་བསྐོལ་རྗེས་ཁུ་བའི་ནང་བླུགས་དགོས་༽ལ་ཡང་ཡང་དཀྲུག་ཅིང་མ་འཚིག་པར་བཙོས་པས་སྨན་ཁུ་གང་ཡོད་འོ་མར་ཐིམ་པར་བྱས་ཏེ། ཚ་སེལ་བ་ལ་ར་དང་། ཐུན་མོང་ལ་མཛོ་མོའི་མར་གསར། གྲང་སེལ་ལ་འབྲི་དང་ལུག་གི་མར་ཁེ་༧༥༠༠བརྒྱབ་ཏེ་མ་འཚིག་པར་ཡང་ཡང་དཀྲུག་དགོས། འདི་སྨན་མར་ལག་ལེན་ཡོངས་ཀྱི་དཀའ་གནད་ཡིན་པས་མ་འཚིག་པ་གལ་ཆེ། གལ་ཏེ་འཚིག་དྲེག་བྱུང་ཚེ་སྨན་མར་ཁྱོན་ཡོངས་ཀྱི་དྲི་དང་རོ། ཕན་ནུས་བཅས་ཚང་མར་སྐྱོན་བྱེད་པས་ཡིད་གཟབ་བྱ་དགོས། བཙག་ཆོད་པའི་རྟགས་སུ་མར་ཁུའི་མདོག་ཁ་སེར་ཐིང་ཆགས་ཏེ་དྭངས་སྙིགས་བྱེ་ནས་མཛུབ་མོས་དཀྲུགས་ཀྱང་མི་འཚིག་པར་དཀྲུགས་ཚུགས་པ་དང་མར་ཁུ་དེ་ནས་མེར་བཅུག་ན་ཚེག་སྒྲ་མེད་ཅིང་འཚིག་མ་རིལ་བུར་དྲིལ་བཏུབ་པ་དང་། འཁོལ་སྐད་ཀྱང་ལག་ལེན་པོད་ཆུང་དུ། ལྷ་བྱ་གོང་མོའི་སྐད་འབྱིན་དང་། ཞེས་གསུངས་པ་ལྟར་པི་ལིག་པི་ལིག་དང་། ཀྲོ་ཀྲོ་ཟེར་དུས་སྤྱིར་བཏང་འགྲིག་པའི་རྟགས་ཡིན། དེ་ནས་ཐལ་ན་ནུས་པ་འཚིག་འགྲོ་ཞིང་ཆུ་མ་ཆོད་ན་ཕོ་བས་མི་ཆུན་ལ། ནུས་པ་ཡང་ཆུང་བ་ཡིན་པས་དེ་ལྟར་ཚད་ལྟར་ཚད་ལྡན་དུ་སྦྱོར་བ་ཕོག་པ་རས་ཚགས་ཞིབ་མོར་མར་ཁུ་བཙགས་ཏེ་ཚིགས་མ་དོར་༼འཚིག་མ་མཁལ་རྐེད་དུ་བྱུག་པ་བྱ་མཁན་ཡང་མཐོང་།༽ ཞིང་མར་གྱི་ཁུ་བ་དྭངས་མ་གུད་དུ་བཞུར་ཏེ་ངད་ཡལ་ནས་འཁྱགས་པ་དེ་ལ་སྦྲང་རྩི་ལས་བསྣོན་བྱས་པ་ཁེ༢༥༠༠དང་། བུ་རམ་ཕྱེ་མ་ཁེ་༡༠༠༠ ཀ་རའི་ཕྱེ་མ་ཁེ་༡༠༠༠ བཅས་དང་འཆད་འགྱུར་གྱི་ཁ་ཚར་སྨན་ཕྱེ་རྣམས་དང་མཉམ་བསྲེས་ལེགས་པར་བྱས་ཏེ་བརྫིས་བརྒྱབ། རིལ་བུ་རེའི་ལྗིད་ཚད་ཁེ་༩ རེ་ཚད་དུ་འདྲིལ་ཐོག་ཀ་རའི་ཕྱེ་མས་རྩི་བརྒྱབ་དགོས།
࿃གསུམ་པ། ཁ་ཚར་སྨན་འདེབས། ཁ་ཚར་དུ། སྔོ་རྟག་ངུ་༼འདི་ཁ་བྱིན་མཉམ་དུ་ལྡིར་ཀྱང་འགྲིག༽ དབྱར་རྩྭ་དགུན་འབུ། དབང་པོ་ལག་པ། ད་བྱིད། ཁ་ཆེ་ཤ་སྐམ། རྒྱ་ནག་ལུགས་ཀྱི་རན་ཧྲན་བཅས་བརྒྱབ་སྲོལ་ཡོད། ཡང་ཁོ་བོའི་སློབ་དཔོན་མཁས་དབང་ཆེན་པོ་འཇམ་དབྱངས་ལྷུན་གྲུབ་མཆོག་གིས་གོང་གི་ཁ་ཚར་སྟེང་བཟང་པོ་དྲུག་འདེབས་སྲོལ་ཡོད། འབྲི་གུང་པའི་ལུགས་སུ་གོང་གི་བཟང་དྲུག་ཕུད་པའི་སྟེང་ཐང་ཁྲོམ་དཀར་པོ་དང་། ཛྭ་ཏི། རྩངས་པ། མཆིལ་བུ་བཅས་བརྒྱབས་སྲོལ་འདུག་པས་མདོར་ན་སྟོབས་སྐྱེད་སྨན་སྣ་གང་འཛོམ་ལེགས་པར་བཤད།
࿃བཞི་བ། ཕན་ཡོན་བསྟན་པ། རྒྱུད་ལས་འབའ་སམ་ཞེས་བྱ་སྟོད་སྨད་ཀུན་ལ་བསྔགས། ཞེས་དང་། ཡང་ཇི་སྐད་དུ། བཅུད་ལེན་སྟོབས་སྐྱེད་སྨན་མར་འདིས། ཚེ་བསྲིངས་རྒས་སྲ་བློ་གྲོས་རྣོ་གྱུར་ཞིང་། ལུས་མདངས་སྟོབས་སྐྱེད་དབང་པོ་གསལ་བ་བྱེད། མེ་དྲོད་གསོ་ཞིང་ལུས་ཟུངས་དྭངས་མ་འཕེལ། གཞན་ཡང་བད་རླུང་ལ་སོགས་རླུང་ཀུན་དང་། མཁལ་རྐེད་ཆུ་སེར་གྲང་བའི་ནད་ལ་སོགས། མདོར་ན་སྟོད་སྨད་ཚ་གྲང་རིགས་ལ་བསྔགས། ཞེས་སོ།
࿃ལྔ་བ། བསྟེན་ཐབས། གཏོང་ཐབས་ཐོ་རངས་ལྟོ་སྟོང་གི་དུས་སུ་རིལ་བུ་རེ་གཏོང་དགོས་པ་དང་། གཏོང་བའི་རིང་གཞའ་བརླན་གྲང་རེག་གི་སྤྱོད་ལམ་དང་ཟས་རིགས་འཇུ་དཀའ་བ། དྲག་ཤུལ་གྱི་ལས་བཅས་སྤང་བར་བྱ་དགོས་པ་དང་། ཕོ་བོའི་མེ་དྲོད་ཀྱིས་སྨན་མར་ཞུ་མ་ཐུབ་པའི་ཉེས་པ་དག་བྱུང་ཚེ་དེར་རྒྱམ་ཚྭ་བཞི་ཐང་གཏོང་དགོས། སྨན་ཟོས་པའི་རྗེས་སུ་ནད་རིགས་དེ་ལ་མི་གནོད་པའི་ཟས་གསར་བཅུད་འཇུ་སླ་བའི་རིགས་ཀྱིས་ལུས་ཟུངས་རྣམས་གསོ་བ་བྱ་དགོས་སོ།
࿃དྲུག་པ། དོ་སྣང་བྱ་དགོས་གནད། ཁྲག་ཤེད་མཐོ་བའི་ནད་དང་། སྣོད་མཁྲིས་གཉན་ཚད། མཆིན་ནད། གཅིན་སྙི་ཟ་ཁུའི་ནད། ཆམས་ནད་རྣམས་ཚབ་ཆེའི་རིགས་ལ་སྨན་འདི་གཏོང་མི་རུང་།