མདོ་ལས། ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི།།ཆང་གི་བཏུང་བ་རྟག་ཏུ་སྤངས། །ཞེས་གསུངས། སྐྱེས་ཆེན་དམ་པ་དང་། གསང་སྔགས་ཀྱི་རྣམ་འབྱོར་ཆེན་པོ་རྟོགས་པ་མཆོག་དང་ལྡན་པ་འདྲ་ཡིན་ན་མ་གཏོགས།གཞན་སྔགས་ཀྱི་སྒོར་ཞུགས་པའི་སྔགས་པའི་ཁུར་འཛིན་པ་སོགས་སྐྱེ་བོ་ཕལ་པ་རྣམས་ཀྱིས་གླང་རྒན་གྱིས་ཆུ་འཐུང་བ་ལྟར་ཆང་མང་པོ་འཐུང་ན།ཡོན་ཏན་འཇོམས་པའི་སྒོ་དང་། འདོད་ཆགས་སོགས་མི་དགེ་བ་སློང་བའི་རྒྱུ་ཡིན་ཏེ། དྲན་པ་ཉེར་བཞག་ལས། ཆང་གིས་འདོད་ཆགས་བསྐྱེད་བྱེད་ཅིང་། །དེ་བཞིན་ཁྲོ་དང་གཏི་ནུག་དག།ཡང་དང་ཡང་དུ་བསྐྱེད་བྱེད་པས། །དེ་ལྟ་བས་ན་ཆང་སྤོངས་ཤིག །ཞེས་གསུངས་བ་དང་། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ། དེ་ཅི་ཡིན་ཞེ་ན།ངའི་སློབ་མ་དགེ་འདུན་བཙུན་པ་རྣམས་ཉོན་ཅིག །ཆང་འདི་རྩྭའི་རྩེ་ལ་ཆགས་པའི་ཟིལ་བ་ཙམ་ཡང་འཐུང་ན།ང་ཡི་སློབ་མ་མ་ཡིན་ནོ། བཙུན་པ་གང་དག་ཆང་འཐུང་ན་སྨྱོན་པ་ལྟ་བུར་འགྱུར་ཏེ། ལུས་ངག་ཡིད་གསུམ་རྒྱ་ཡན་དུ་བཏང་ཞིང་།ངག་གིས་ངག་འཁྱད་དྲག་པོ་སྨྲེ་བཙོགས་ཀྱི་གཏན་སྣ་ཚོགས་སྨྲ་ཞིང་། ཡིད་ལ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སེར་སྣ་སོགས་ཉོན་མོངས་པ་ཐམས་ཅད་འབར་བ་གྱུར་ནས།ལུས་སེམས་དྲན་པ་མེད་པར་བརྒྱལ་ཏེ། རྨོངས་ཤིང་གཞི་དང་བྱེས་ལ་ཉལ་བར་བྱེད་པའི་དུས་སུ་སྐྱུགས་པའི་ཁ་ལ་ཁྱིས་བལྡགས་པ་དང་།གོས་མེད་པར་གཅེར་པུར་གསང་ནས་སོགས་ལུས་གཞན་མི་རྣམས་ཀྱིས་མཐོང་ནས་ང་ཚ་བའི་གནས་སུ་འགྱུར་རོ།ཞེས་སོགས་གསུངས། མདོ་དྲན་པ་ཉེར་བཞག་ལས། ཆང་ནི་དུག་གི་མཆོག་ཡིན་ཏེ།།ཆང་འཐུང་བ་ལ་བརྟེན་མི་བྱ། །ཆང་འཐུང་བ་ལ་བརྟེན་པ་ནི། །དགེ་བའི་ཆོས་རྣམས་ཉམས་པར་འགྱུར།།གང་གིས་རྟག་ཏུ་ཆང་བསྟེན་པ། །དེ་ཡི་བློ་ནི་མི་བརྟན་ཞིང་། །བློ་ཡོ་བ་ལ་ཆོས་མེད་དེ། །དེ་ལྟ་བས་ན་ཆང་སྤོངས་ཤིག།ཞེས་གསུངས། བདེ་མཆོག་གི་རྒྱུད་བདུད་རྩི་ཆང་གི་ལེའུ་ལས། བདུད་རྩི་མྱང་བ་ཙམ་མ་ཡིན་པ། ཐ་མལ་གྱི་སྲིད་པས་ཆང་འཐུང་བ་ལ་ཉེས་དམིགས་དཔག་ཏུ་མེད་པ་ཡོད་པར་གསུངས། རྒྱལ་སྲས་ཐོགས་མེད་ཞལ་ནས། སྡིག་སྡུག་གཏན་ངན་དུག་ཤིང་བསྐྱེད་པའི་རླན།།ཐོས་བསམ་བསྒོམ་པའི་སྨན་ཤིང་སྲེག་པའི་མེ། །དྲན་ལྡན་མྱོས་པར་བྱེད་པའི་མི་ཟད་གདོན། །མྱོས་འགྱུར་ཀུན་ཏུ་སྤོངས་ཤིག་ཤེས་གྲུབ།།ཞེས་གསུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཆང་གིས་འཇིག་རྟེན་བརྙས་འགྱུར་ཞིང་།།དོན་ཡལ་ནོར་ཡང་ཟད་པར་འགྱུར། །རྨོངས་པས་བྱ་བ་མ་ཡིན་བྱེད། །དེ་བས་ཆང་ནི་རྟག་ཏུ་སྤོངས།།ཞེས་གསུངས་བ་དང་། ཇོ་བོ་བཀའ་གདམས་པས། ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན།།རྩྭ་མཆོག་ཟིལ་པ་ཙམ་ཡང་བཏུང་མི་བྱ། །ཞེས་གསུངས། གཞུང་གཞན་ལས། སྟོན་པས་ཆང་ནི་རྩ་བཀག་མཛད་པ་དང་།།གལ་ཏེ་དགེ་སློང་གང་ཞིག་ཆང་འཐུང་ན། །དེ་ནི་ང་ཡིི་དགེ་སློང་མ་ཡིན་ཞིང་། །ང་ཡང་དེ་ཡི་སྟོན་པ་མ་ཡིན་ནོ།།ཞེས་གསུངས། ངན་སོང་སྦྱོངས་རྒྱུད་ལས། ཆང་ནི་བཏང་བར་མི་བྱ་ཞིང་།།ཞེས་གསུངས་བ་དང་། བདེ་མཆོག་སྡོམ་འབྱུང་ལས། སུ་ཞིག་ཆང་གིས་མྱོས་གྱུར་པ།།དེ་ལ་གེགས་ནི་མང་པོ་འབྱུང་། །སྔགས་པ་ཆང་གིས་མྱོས་འགྱུར་གང་། །ངུ་འབོད་གནས་སུ་འཚོད་པར་འགྱུར།།ཞེས་གསུངས་པ་དང་། དཔལ་ཨོ་རྒྱན་ཆེན་པོ་ལྷོ་ནུབ་སྲིན་པོའི་ཡུལ་དུ་བཞུད་པའི་དུས་སུ་རྗེ་འབངས་སྤྱི་དང་ཁྱད་པར་སྔགས་པ་རྣམས་ལ་ཞལ་གདམས་འདི་ལྟར་གསུངས་སོ།ང་ཡིས་རྗེས་འཇུག་སྔགས་འཆང་ཚོགས་རྣམས་གསོན། །པད་འབྱུང་སྲིན་པོ་འདུལ་དུ་འགྲོ་བ་ལ། །མྱ་ངན་མ་བྱེད་ཞལ་གདམས་འདི་ཉིད་ནི།།ང་ཉིད་བཞུགས་དང་ཁྱད་མེད་སེམས་ལ་ཆོངས། །སྔགས་པ་ཕུང་བྱེད་རྒྱུ་ནི་ཆང་ནག་ཡིན། །ཆང་ལ་འདོད་ཆགས་ཞེ་སྡང་གཏི་མུག་དང་།།ང་རྒྱལ་ཕྲག་དོག་ཉོན་མོངས་མ་ལུས་པ། །སློང་བའི་རྒྱུ་ཀུན་འདི་ལ་ཚང་བ་ཡིན། །དེ་ཕྱིར་ཆང་ནག་མ་འཐུང་ཞལ་གདམས་ཡིན།།ཆང་འཐུང་ལྷ་བསྒོམས་བཟླས་བརྗོད་བྱེད་པ་ནི། །ལྷ་མིན་འཁྲུག་པའི་དམག་དཔོན་ཆེན་པོར་སྐྱེ།།ཆང་འཐུང་བླ་མ་རྡོ་རྗེ་སྤུན་ལ་ནི། །བརྡེག་བརྡུངས་བྱེད་པ་རྡོ་རྗེ་དམྱལ་བར་སྐྱེ། །ཆང་འཐུང་ཆོས་རྩོད་ང་རྒྱལ་བྱས་པ་ཡིས།།ལྕེ་ལ་ཐོང་གཤོག་རྨོ་བའི་དམྱལ་བར་སྐྱེ། །ཆང་འཐུང་གཞན་ལ་གྲི་འཕྱར་ཁྲོས་པ་ཡིས། །གནོད་སེམས་བྱེད་པ་ཡང་སོས་དམྱར་བར་སྐྱེ།།ཆང་འཐུང་གཞན་གྱི་བུད་མེད་ལ་སྤྱོད་པ། །ཤལ་མ་རི་ཡི་སྡོང་པོར་རྟག་ཏུ་འདུད། །ཆང་འཐུང་རྐུ་འཕྲོག་སྣ་ཚོགས་བྱས་པ་ཡིས།།ཡི་དྭགས་མཚོན་ཆའི་འཁོར་ལོ་ཅན་དུ་སྐྱེ། །ཆང་འཐུང་ངོ་ཚ་ཁྲེལ་འཛེམ་བྲལ་བ་དེ། །གླེན་ཅིང་ལྐུགས་པའི་དུད་འགྲོའི་གནས་སུ་སྐྱེ།།སྔགས་པ་ཆང་འཐུང་ཁྱིའི་ལུས་སུ་སྐྱེ། །གལ་ཏེ་མིར་སྐྱེས་ན་ཡང་སྨྱོན་པར་སྐྱེ། །ཆང་འཐུང་དེ་ཕྱིར་མདོ་དང་རྒྱུད་སྡེ་ནས།།བཀག་ཕྱིར་པདྨས་ཆང་འཐུང་གསུངས་པ་མེད། །མ་འོངས་སྙིགས་མའི་དུས་ཀྱི་སྔགས་པ་རྣམས། །ཆང་འཐུང་ཨོ་རྒྱན་པདྨའི་གསུང་ཡིན་ཟེེར།།དེ་དག་ང་ཡི་རྗེས་འཇུག་མ་ཡིན་ཏེ། །ནག་པོ་བདུད་ཀྱི་རྗེས་སུ་བཞུགས་པ་ཡིན། །ཞེས་གསུངས། ཡང་ཆོས་ཚུལ་བཞིན་དུ་སྤྱོད་པའི་རྒྱལ་པོ་དང་བློན་པོ་དང་ཡ་རབས་སོགས་མི་རྣམས་ཀྱིས་ལེགས་པར་རབ་ཏུ་ཉོན་ཅིག།ཆང་ཞེས་བྱ་བ་འདི་ལ་སྨྱོན་པའི་ཆང་དང་། དཔའ་བོའི་ཆང་དང་། སྙེམས་པའི་ཆང་དང་། ཕྱུག་པོའི་ཆང་།སྦྱིན་ལོའི་ཆང་། མ་མནོ་པའི་ཆང་ཞེས་པའི་མིང་དུ་བཏགས་སོ། སྨྱོན་པའི་ཆང་ཞེས་པ་ནི། རྒྱལ་པོའི་ཁྲིམས་འཆའ་བའི་ཡ་རབས་རྣམས་ཀྱིས་ཆང་འཐུང་ན་སྨྱོན་པ་ལྟར།སེམས་ཀྱིས་ཚུལ་དང་ཚུལ་མིན་མི་ཤེས་པ་དང་། དགེ་སྡིག་དང་། བདེན་རྫུན་མི་འབྱེད་པ་དང་། ཤབ་ཤུབ་སོགས་མི་ཤེས་པར་སྨྱོན་པ་ལྟར་བྱེད་པས།འཇིག་རྟེན་འདི་ལ་མི་ངན་པར་གྲགས་ནས། སྐྱེ་བ་ཕྱི་མར་ཡང་དགེ་སྡིག་བླང་དོར་མི་ཤེས་པས། ངན་སོང་གི་སྡུག་བསྔལ་སྣ་ཚོགས་མྱོང་བ་འགྱུར་བ་ཡིན་ནོ།