མཚན་ལྗོངས་ཀྱི་ཟླ་འོད་
བསིལ་ཞིང་འཇམ།
སྒེའུ་ཁུང་ཕྱི་རོལ་ཀུན་
སྟོང་ཞིང་འཇགས།
དྲན་འཛིན་གྱི་མེ་ལོང་ངོས་སུ་
འཕུར་ཞིང་ལྡིང་པས་སྙིང་གི་ཕྱེ་མ་ལེབ།
སླར་ཡང- སྲིད་པའི་ནམ་མཁར་འོད་ཆེན་པོས་
རླབས་ཀྱིས་འཕགས།
དེ་དུས་རྐང་དྲུག་མའི་མཁུར་ཚོས་ལ་
མཛེས་སྡུག་གི་ཉ་གང་རྒྱས་ཤིང་།
བླ་ཚེ་སྲོག་གསུམ་ལ་གསོན་ཤུགས་ཀྱི་
གཟི་མདངས་འཕྲོས་པས།
ཆགས་སྡང་གི་རྩྭ་ཕྲན་དག་འགུལ།
དགའ་སྐྱོ་ཡི་སྡོང་ལོའང་སྐམ་པར་གྱུར།
རླུང་བུ་གཡུག་ཐེངས་གཅིག་གིས།
ཆུང་གྲོགས་མའི་འཕྲིན་པ་དེ་ཡང་
གློ་བུར་དུ་གཤོག་པ་ཐོགས།
གདུག་རྩུབ་ཆེ་བའི་
སྤྱང་ཀིའི་ཚོགས་ཀྱིས།
ང་དང་ངའི་རི་ཆུ་ནགས་གསུམ་ལ།
བཟོད་མེད་ཀྱི་རྨ་ཁ་གྲངས་མེད་བཟོས།
རུས་དང་རྐང་གི་ན་ཟུག
ཕྱིར་མིག་གི་ཆུ་ཐིགས་ཡིན།
རུས་དང་རྐང་གི་ན་ཟུག
སྨྲ་ལྕེ་ཡི་ལོངས་སྤྱོད་ཡིན།
རུས་དང་རྐང་གི་ན་ཟུག
ཞེན་ཆགས་ཀྱི་མེ་རི་ཡིན།
འཚོ་བ་དང་རྣམ་ཤེས་ཀྱི་བག་ཆགས་ཡིན།