སྐྱེས་སྐར་ལེགས་སྐྱེས་སྙན་རྩོམ་གཅེས་བསྡུས།

美友4304847

ཁྱེད་ཀྱི་སྐྱེས་སྐར་དགེའོ།། སྐྱེ་འཇིག་ཀློང་ན་ཡང་ཡང་ལྡེམ་པའི།། རེས་གསལ་རེས་མོག་མར་མེ་གཉོམ་པོ།། མི་ཚེའི་རི་ལམ་ཕྲ་མོ་འདེད་དུས།། སྐྱེས་པའི་སྐར་མར་མཇལ་བ་ངོ་མཚར།། གོམ་པ་སྤོས་ནས་འཛད་རྒྱུ་ཡོད་ཀྱང་།། སྨོན་པའི་ཚིག་ལ་སྟོང་རྒྱུ་མི་འདུག། དྭངས་གཙང་སེམས་པ་དཀར་པོའི་དཀྱིལ་ནས།། དེ་རིང་ཁྱོད་ལ་རྟེན་འབྲེལ་ཞུའོ།། ལྡོང་ཆུ་ཤེལ་ནས་ཕུལ། ༢༠༡༦.༩.༤ ༄༅།།རྟེན་འབྲེལ་ཞུ། 1༽སྙིང་གི་གཅེས་ལོ་ཡ། སྔོན་བསགས་ལས་སྨོན་གྱི་མཐུ་དབང་བཙན་པོས་གོ་ལའི་འཇིག་རྟེན་གྱི་མཐོ་སྒང་འདི་རུ། ངུ་ངག་གི་དབྱངས་རྟ་ཐོག་མར་གྱེར་བའི་བསྐལ་བཟང་གི་ཉིན་མོ་འདི་ལ་ངའི་སྙིང་གི་གཅེས་ལོ་ལ་སེམས་ཀྱི་གཏིང་ནས་རྟེན་འབྲེལ་ཞུ། 2༽ སྙིང་གི་གཅེས་ལོ་ཡ། སྔོན་བསགས་ལས་སྨོན་གྱི་མཐུ་དབང་བཙན་པོས་སློབ་གྲྭའི་སློབ་སྦྱོང་གི་འཚོ་བ་རོལ་ཞིང་། དགེ་སློབ་ཀྱི་འབྲེལ་བ་ཤེལ་ལྟར་གཙང་བའི་ངའི་སྙིང་གི་གཅེས་ལོ་ལ་སེམས་ཀྱི་གཏིང་ནས་རྟེན་འབྲེལ་ཞུ། 3༽སྙིང་གི་གཅེས་ལོ་ཡ། སྔོན་བསགས་ལས་སྨོན་གྱི་མཐུ་དབང་བཙན་པོས་དགྱེས་བྲལ་ངུ་ངག་གི་གདུང་དབྱངས་ཁྲོད་ནས། དམ་འདུན་སྲོག་ལྟར་གཅེས་པའི་གྱེས་ཕྱག་དང་ལྷན་དུ། ངས་བདེ་མོའི་ལག་གཏོང་བཞིན་སྙིང་གི་གཅེས་ལོ་ལ་སེམས་ཀྱི་གཏིང་ནས་རྟེན་འབྲེལ་ཞུ། 4༽སྙིང་གི་གཅེས་ལོ་ཡ། སྔོན་བསགས་ལས་སྨོན་གྱི་མཐུ་དབང་བཙན་པོ། ད་ལྟའི་འབད་བརྩོན་གྱི་འབྲས་བུའི་ཀློང་ནས། བསླབ་བྱའི་སྡོམ་ཚིག་བཅུ་ཕྲག་ལ་ལག་ལེན་གནང་ཞིང་། ལམ་སྟོན་གྱི་སྒྲོན་མེ་ཆུང་ཆུང་ངའི་སྙིང་གི་གཅེས་ལོ་ལ་སེམས་ཀྱི་གཏིང་ནས་རྟེན་འབྲེལ་ཞུ། གཅེས་ཕྲུག་རག་རིལ་པྲ་ཚག་ཁྱོད་་་་་་་ངས་ཁྱོད་ལ་རེ་བ་ཆེན་པོ་བཅངས་ཡོད་ཨ། ཁྱོད་ཀྱི་སྐྱེས་སྐར་ལ་ལག་སྐྱེས་ཤིག་གི་ཚབ་ཏུ་དགེན་མིང་བ་སེར་ཤུལ་གསལ་ལྡན་གྱིས་གུས་ཕུལ། 2016-9-4 ལེགས་སྐྱེས་ཆུང་ངུ་འདིས། བརྩེ་སེམས་ཟབ་མོ་མཚོན། • ཁ་བ་དོན་གྲུབ། ཉེ་ཆར་བདག་ལ་ཁ་པར་མེད་སྟབས་ཁྱེད་ཀྱི་སྐྱེས་སྐར་ལ་ལེགས་སྐྱེས་འོས་མཚམས་ཤིག་འཕྲོད་ཐབས་དཀའ་མོ་འདུག ཡིན་ཡང་དེ་རིང་ནི་སྙིང་ཉེ་བའི་མི་བུ་ཁྱེད་ཀྱི་སྐྱེས་སྐར་ཡིན་པ་ཐོས་ནས་གཞན་ཞིག་གི་ཁ་པར་གཡར་ནས་རྩོམ་ཐུང་འདི་ཁྱེད་ལ་སྐུར་བ་ཡིན། ཕ་ས་གངས་ནས་འཁྲུངས་བའི་སྙུག་གསར་ཞིག ། ཕ་མ་བོད་པ་ཡིན་པའི་བློ་གསལ་ཞིག ། ཕ་ཡུལ་བོད་ལ་ཞེན་པའི་གངས་ཕྲུག་ཅིག ། ཡངས་བའི་ས་སྒང་འདི་རུ་ལྟད་མོ་ལ། ། དེ་རིང་འོང་བའི་ཉིན་མ་དང་པོ་ཡིན། ། བཤད་འདོད་པའི་སྐད་ཆ། བསམ་གཞིག་ཁབ་ཀྱི་རྩེ་མོར་འབྱར་ཐུབ་དགོས། ། ཚོར་བ་རྒྱ་མཚོའི་ཀློང་དུ་གཤེགས་ཐུབ་དགོས། ། སྐྱིད་སྡུག་གང་བྱུང་ཉམས་སུ་མྱོང་ཐུབ་དགོས། ། ཆོད་སེམས་བརྟན་པོའི་བྲག་ལ་འཛེག་ཐུབ་དགོས། ། གཞོན་པ་ང་ཚོ་ཕུགས་བསམ་འཚོལ་དུ་འགྲོ། ། 2016.9.4.ཉིན་གྱི་ཞོགས་པར་མལ་ལས་བྲིས། མེ་སྲས་དང་སྙན་ངག ཟླ་སྲས། ས སྙན་ངག་གི་འཕྱོན་མ་དེས་རྨི་ལམ་གྱི་ཤིང་རྟ་ལ་ཞོན་ཏེ། ཁྱེད་ཀྱི་ཕོ་བྲང་ནས། བང་གིས་རྒྱུག ཤུགས་ཀྱིས་འཕུར། ས ཚེ་སྲོག་གི་གངས་ཆབ། སྙན་ངག་གི་ལག་མཐིལ་དུ་ཞུ་རུ་འཇུག་པའི་ཁྱོད། བྱིས་པ་བཞིན། འཁོར་བའི་མིག་མདུན་ན་ཅི་འདྲའི་ཆུང་ནའང། རེ་སྙེག་ནི། བུམ་པའི་ལྟོ་བ་བཞིན་ལྡིར་ཞིང་ཆེ། ས མེ་སྲས་ཀྱི་གཏམ་རྒྱུད། མེ་སྲས་ཀྱི་རྨི་ལམ་ནས་བརྐུས་པའི་ཁྱོད། མེ་སྲས་ཀྱི་མཚོ་ཁ་ན། མེ་ཏོག་གི་ཟོལ་གྱིས། སྤྲིན་དཀར་གྱི་ཚུལ་དུ། ལྷབ་ལྷུབ་ཏུ་གཡོ་ཞིང་ཧྲལ་ཧྲུལ་གྱིས་འཕྱོ། སྐྱེས་སྐར་ལ་བརྟེན་འབྲེལ་ཞུ། བོད་ནས་སྐྱེས་ཤིང་བོད་ལ་དགའ་བའི་མེ་སྲས་ཁྱེད་ཀྱི་རང་ཚུགས་བཟང་།། ཁ་བའི་བདེ་སྡུག་ངག་ལ་གྱེར་ནས་སྙན་རྩོམ་ཐོར་བུ་བྲིས་པ་ཡག། ཕ་མའི་ཐུགས་ནས་རེ་བའི་གཞི་ཡིན་ཁྱེད་ཀྱིས་མ་ལྷོད་མདུན་དུ་བསྐྱོད།། ང་ཡི་སེམས་ནས་གྲོགས་པོའི་གཤིས་ཡིན་ཡུན་ནས་ཡུན་དུ་བརྟན་པར་ཤོག། གྲོགས་མིག་མདངས་ཀྱིས་མེ་སྲས་ཀྱི་ སྐྱེས་སྐར་ལ་ཕུལ་བའི་དུངས་རྩོམ་ཤོ་ལོ་ཀ་གཅིག ༢༠༡༦ལོའི་ཟླ་བ་༩བའིཚེས༤ཉིན། ཤེས་རིག་བདུད་རྩིའི་རབ་ཕྱུག་ཅིང་།། ལྷག་བསམ་འོ་མའི་རྒྱ་མཚོ་ལས།། དཀར་བའི་སྙིང་གི་གྲོགས་མཆོག་ལ།། སྐྱེས་སྐར་བཀྲ་ཤིས་བདེ་ལེགས་ཞུ།། ཁྱེད་ཀྱི་སྐྱེས་སྐར་བ་རྟེན་འབྲེལ་ཞུ། "དབང་ཆེན་ཚེ་རིང་།" སྐྱེས་སྐར་དགའ་བས་བསུ། ཨ་ཕོ་ལུག་རྫི། ཤེས་ཡོན་གྱི་ཚེམས་དཀར་འཛུམ་པའི་སྤུན་ལོ། དེ་རིང་ཁྱོད་ཀྱི་བདེ་སྐྱིད་རྫོགས་ལྡན་གྱི་མི་ཡུལ་ལ་གོམ་སྟབས་བསྒྱུར་བའི་དུས་ཆེན་རེད། ཡང་གཅིག་བཤད་ན་རིགས་གཙང་གདོང་དམར་གྱི་ཞིང་ས་འདིར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་དུས་དྲན་རེད། བར་སྐབས་འདིར། ངས་ཁྱེད་ལ་ལྷད་སེམས་གཤིས་ཀྱི་ཁ་བཏགས་ཤིག་དང་། དྲི་མེད་མཛའ་བརྩེ་ཡི་བདུད་རྩི་ཞིག་གི་རིན་དོད་དུ། བརྗོད་བྱ་མ་རྙིང་བའི་རྟེན་འབྲེལ་གྱི་ཁ་གཡང་བསྒྲིག་འདོད་ཅིང་། རྗོད་བྱེད་མ་རྒས་པའི་བཀྲ་ཤིས་ཀྱི་སྨོན་ཚིག་གཏོར་འདོད། དེ་བས་ཁྱེད་ཀྱི་ལྷན་སྐྱེས་ཤེས་རབ་འབར་བའི་ས་བོན་རེ་རེ། མ་ཡུམ་གངས་ལྗོངས་གསར་བའི་མདུན་མ་རུ་སྐྱེད་པར་ཤོག ཁྱེད་ཀྱི་སྐྱེས་སྐར་ལ་དགའ་བས་བསུ། ཁྱེད་ཀྱི་སྐྱེས་སྐར་ལ་དགའ་བས་བསུ། ༢༠༡༦/༩/༤ཉིན སྐྱེས་སྐར་ལ་རྟེན་འབྲེལ་ཞུ། ཏེ་ཏེས། གྲོགས་དམ་པ་མེ་སྲས་ལ་ཕུལ་བ། ཚེས་ཆེན་བཅོ་ལྔའི་དུང་ཟླ་དང་འདྲ་བའི།། བདག་ལ་བཀའ་དྲིན་ཆེ་བའི་སྙིང་གི་གྲོགས།། ཁྱེད་ཉིད་མི་རྗེད་སེམས་ཀྱི་དཀྱིལ་ན་ཡོད།། ཁྱེད་ཀྱི་རླུང་རྟ་དར་བའི་ཁ་གཡང་འབོད།། ཁྱེད་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་པ་ཅིག་ཞུ། མང་བོ་ཞིག་འབྲི་མ་ཐུབ་ཐ་དགོངས་དག སྐྱེས་སྐར-༩-༤-བསུ། ཡིད་མཐུན་དུང་ཟླ་མཁའ་ནས་འཛུམ་པ་དང།། བདག་ཡིད་ཀུ་མུད་དེ་རུ་ཕྱོགས་པའི་དུས།། སྐྱིད་ཀྱི་སྣང་བ་འཆི་མེད་གནས་ལ་འགྲན།། མེ་སྲས་དམ་པས་འཁྲུངས་སྐར་སྙིང་ནས་བསུ།། གྲོགས་ཤེས་རབ་ཡེ་ཤེས་ནས། མེ་སྲས་སྐྱེས་སྐར་ལ་རྟེན་འབྲེལ་ཞུ། ----སྨྱུག་འཛིན་ནས། ལས་དབང་གནམ་ལ་འདྲི་ཞིང་། ། མ་ཡུམ་སློབ་གླིང་འདི་ནས། ། ཁ་དན་ཚིག་ལ་གནས་པའི། ། སྐུ་ཞབས་མེ་སྲས་བཟང་རེད།། ། འཛུམ་ཀྱིས་སྙིང་ཤ་འགས་ཤིང་། ། ཁམས་ཀྱིས་མིག་དཔེ་འཛིན་ས། ། ལུས་ཀྱི་གར་སྟབསའཛོམས་བ། ། སྐུ་ཞབས་མེ་སྲས་མཛེས་རེད། ། ཐེངས་གཅིག་མིག་གིས་རིག་ན། ། བུ་མོའི་བརྗེད་ཐབས་མེད་པ། ། སྐུ་ཞབས་མེ་སྲས་འདི་ཡང་ ། ཡིད་འཛིན་མེ་ཏོག་རེད་འདུག། བཤད་ཚད་ཚིག་ཐོག་ཡོད་ཅིིང་། ། ཕྱི་ཐག་དམ་ཚིག་བརྟན་པའི།། སྐུ་ཞབས་མེ་སྲས་སྐྱེས་སྐར།། ཡུན་རིང་བརྟན་པའི་སྨོན་ལམ། ། དར་མདོ་ལམ་བར་ནས་བྲིས་པ་ཡིན། ཡག་པོ་འཛོམས་མེད་པའི་དགོངས་དག ཤེས་རབ་ལྷ་མཆོག་འཇམ་དཔལ་དཔའ་བོ་མཆོག། ཐོལ་བྱུང་རིག་པའི་མེ་ལྕེ་དྲག་ཏུ་གཡོ།། སྙན་ཚིག་སྨྲ་པའི་བློ་གསལ་མེ་སྲས་ལ།། དབྱེར་མེད་ངོ་བོ་གཅིག་དུ་ཐུམ་གྱུར་ཅིག། ཞེས་པད་ཆོས་ཀྱི་གྲོགས་བློ་གསལ་གྱི་སྐྱེས་སྐར་ལ་རྒྱ་ནག་སྤོས་ ལྡན་ནས་ཕུལ། རྟེན་འབྲེལ་ཞུ། དགུང་གི་ཉི་གཞོན་ས་རུ་ཕོག་པ་ན།། མེ་སྲས་ལང་ཚོ་ཕྱོགས་བཞིར་ཁྱབ་པར་ཤོག། བཀྲ་ཤིས་ཉིན་མོར་ཤིས་ཚིག་མཆོད་པ་འབུལ།། ཉིད་ཀྱི་སྐུ་ཚེ་བདེ་ཞིང་ལེགས་པར་ཤོག། ཅེས་གྲོགས་པད་རིག་གིས་༢༠༡༦/༩/༤ཉིན་ལ་བྲིས། སྐྱེས་སྐར་བསུ། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མེ་ཏོག་གི་རྒྱན་ཞིང་།། མཚར་སྡུག་ལྡན་པའི་སྔོན་ཆད་ལ་ཕྱིར་དྲན་བྱས་དུས།། བརྗེད་ཐབས་མེད་པའི་སྙིང་གྲོགས་སྐྱེས་སྐར་དེ་ཐོན་བས།། སྨོད་ཚིག་གྲངས་མེད་ཅིག་གི་སྐྱེས་སྐར་འདི་བསུའོོ།། པིར་སྨྱོན་ནས། གྲོགས་མེ་སྲས་སྐྱེས་སྐར་ལ་རྟེན་འབྲེལ་ཞུ། —ཚིག་རྩོམ་མཁན། རོ་བདག ཆུང་དུས་རྩེད་རོགས་དང་དགོད་གྲོགས་བྱེད་པའི་གྲོགས་པོ་དེ་ཁྱེད་མ་ཡིན། ། བར་སློབ་ཆུང་འགྲིམ་པའི་ཀ་ཁའི་དབྱངས་རྟ་གྱེར་རོགས་དེ་ཁྱེད་མ་ཡིན། ཆེ་དུས་སྙིང་གཏམ་དང་གསང་བ་བཤད་སའི་དགའ་ལོ་དེ་ཁྱེད་མ་ཡིན། ། སེམས་མེད་སྐད་འཕྲིན་ནང་འཕྲད་པའི་གྲོགས་ཁྱེད་ཀྱི་སྐྱེས་སྐར་རྟེན་འབྲེལ་ཞུ། ། རེ་བ། ཤེས་འཇོན་གཉིས་ལྡན་གྱི་གྲོགས་ལོ་དམ་པ། ། རང་སྐད་བོར་ནས་གཞན་སྐད་ལ་མ་འཇུག ། མི་རབས་སྔ་མའི་སྲོལ་རྒྱུན་དེ་འཛིན་རོགས། ། དེ་ཉམས་ཀི་མ་འཇུག་ཨ་མའི་གཅེས་ཕྲུག ། 2016:9:4ཉིན་ཤར་མར་སྦྱར་བའོ། ཁྱེད་ཀྱི་སྐྱེས་སྐར་རྒྱང་ནས་བསུ། སེམས་ཀྱི་རྦབ་ཆུའི་རླབས་ཀྱིས་བྲག་ལ་རྡེག། འདྲིས་བའི་བརྩེ་བ་ཏི་སེའི་གངས་ཀྱིས་འཛིན།། ལུས་ཟུངས་དམར་བོའི་ཁྲག་རྒྱུན་མ་འགག་བར།། ཁྱོད་དང་འུ་གཉིས་གྲོགས་པོ་བཟང་བོ་ཡིན།། དྲན་འཛིན་དཔེ་སྒམ་དམར་བོའི་ནང་རོལ་ནས། ནད་མེད་ཚེ་རིང་ཡོང་བའི་སྨོན་ལམ་འདེབས།། རབ་མྱུར་ཐང་དཀར་རྒོད་ལ་བདག་སྤྲུལ་ནས་།། ཁ་གཡང་སྟོང་གི་སྨོན་ཚིག་ཁྱེར་ནས་ཡོང་།། སྙིང་གྲོགས་མེ་སྲས་ལ་སྙིང་གི་འོད་ཀྱིས་ཕུལ་ལོ།། སྐྱེས་སྐར་ལ་རྟེན་འབྲེལ་ཞུ། སྒྲོན་དཀར་ཚེ་མཚོ། བཅུ་དྲུག་ཟླ་དགུ་བཞི་ཚེས་གཟའ་ཉིའི་དུས་བཟང་འདིར།། མནོན་པ་ཅན་གྱི་ལག་སྐྱེས་ཁྱེད་ཕུལ་ཕྲན་ལ་དབེན།། རྒྱན་ལམ་སྣ་ཚོགས་བརྒྱུད་ནས་བརྗོད་ན་དེ་བས་ཞན།། ཡིན་ཡང་དྭངས་གཙང་ལྷད་མེད་ཁ་གཡང་བརྗོད་འདོད་བྱུང་།། དེ་རིང་ཞོགས་པར་བྱེའུ་ཆུང་སྐད་སྙན་སྒྲོག་པ་འདི།། ཁྱོད་ཀྱིས་འབྲི་བའི་སྙན་ངག་དཔེ་ཅན་གྱུར་བར་སྨོན།། རྩྭ་མགོ་ཟིལ་མའི་ཆུ་ཐིགས་རེ་རེ་འབབ་པ་དག།། སང་ཉིན་ཁྱེད་ཀྱི་སྣུམ་སྨྱུག་སྣ་ཚྭའི་ཚབས་ཏུ་ཕུལ།། མདོར་ན་ཁྱེད་ཀྱིས་གདམས་པའི་ལམ་ཕྲན་རིང་མོ་དེ།། རིག་བཅུའི་ཕྱུག་ཀྱང་བདེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག།། ལྷད་མེད་ཁ་བཏགས་དཀར་པོའི་ཚབ་ཏུ་ཁྱེད་ལ་འབུལ།། ཐ་སྙད་ཚིག་སྦྱོར་དབེན་པས་འདི་ཙམ་བརྗོད་པར་ཞུ།། ཞོགས་གླུ ཆར་བ་ཟམ་ཟིམ་འབབ་པའི་དེ་རིང ཁྱོད་ཀྱིས་རྨི་ལམ་དབུས་ཀྱི་ཁ་གཡང་ཡང ཇི་བཞིན་ཟམ་མེ་ཟིམ་མེ་ལྷུང་གིན་འདུག ཁྱོད་ཀྱི་ཕྱི་ནང་ལ་བསྒོས་པའི་མེ་ཏོག་དེ་གས ཉིད་ཀྱིས་ལག་པ་བསྲེག་ངེས མིག་གཉིས་ཡང་ལོང་བར་གཏོང་ངེས དམ་པར་བཟུང དྲན་པར་བཅུག ང་དང ང་དང་རྒྱང་ཐག་རིང་བའི་གྲོགས་ལགས ཟེའུ་འབྲུ་མངར་ཁ་མེད བདག་གིས་རྩྭ་ཐང་ཡོངས་མེས་ཟིན་སོང ད་ནི་ལྷའི་དབང་མོ་ལ་ལན་གཅིག་འབོད བརྩེ་བའི་དབང་མོ་ལགས་ལན་གཅིག་གསོན་དང “ཁྱོད་ཀྱི་འདྲ་རིས་དེ་དབྱངས་ཅན་ལྷ་མོར་མཚུངས་བས” ཞེན་པའི་མེ་སྲས་ཁྱོད་ཁོ་ནས་བདག་འཛིན་དགོས 9—4 དབང་ཆེན་ཚེ་རིང་གིས་གྲོགས་ཐུབ་བསྟན་བློ་གསལ་ལ་སྤྲིངས་བ། རོལ་དབྱངས་ཤིག་གིས ནག་རླུང་མཐར། ལྡབ་ལྡིབ་ཏུ་གྱུར་བས་རྨི་ལམ་དཀྲོག་ཏེ ཁྱོད་རང་བརྩེ་དུང་གི་སྐྱེད་ཚལ་དུ་ཁྲིད དུས་དེ་ནས་བཟུང ཁྱོད་ནི་སྔོན་ཆད་ཀྱི་མེ་སྲས་མ་རེད མིའི་རིགས་ཀྱི་བརྩེ་དུང་ལ་ཚད་མཐོ་བའི་སྐར་གྲངས་སྣོན་མཁན་ཞིག་དང རྩོམ་རིགས་ཀྱི་སྒྱུ་རྩལ་ལ་དམར་ཆུང་གློད་མཁན་ཞིག་གོ གང་ལྟར་ཀྱང་ཁྱོད་ལ་བུ་ཞིག་ཡོད ཁྱོད་ལ་རང་གི་ཤ་ལས་ཆད་པའི་བུ་སྟེ་བཅད་གསར་ཤ་ཚ་མོ་ཞིག་ཀྱང་ཡོད ཡིན་ཡང ངས་ཁྱོད་ལ་ཡིད་སྨོན་བྱེད་པ་འདི་ཀ་ཙམ་མིན ད་དུང་ཡང་ཤུ་རེ་བྱོས སྤུན་ཆུང་ངའི་ཁྱོད་ལ་མང་པོ་ཞིག་བཅངས་ཡོད ༼མེ་སྲས་ཀྱི་སྐྱེས་སྐར་ལ་ཕུལ༽ གྲོགས་མོ་མུ་ཏིག་ཆུང་ཆུང་། དེ་རིང་ནི་ ཁྱོད་ལ་མཚོན་ན། ལོ་གཅིག་གི་ནང་གི་ཉི་མ་གལ་ཆེན་ཞིག་སྟེ། འཇིག་རྟེན་འདིར་གོམ་སྟབས་དང་པོ་སྤོ་བའི་ཉི་མ་རེད། དེར་བརྟེན་་་་་་་་་ ངས་ཁྱོད་ལ་ཁ་གཡང་དྲོན་མོ་ཞིག་གིས་རྟེན་འབྲེལ་ཞུ། ཁྱོད་ནི་རིག་པའི་གནས་ལ་བརྩོན་པའི་གསར་བུ་སྣང་སྐྱིད་ཅིག་ཡིན། དེ་བས་་་་་་་་ ཁྱོད་ཀྱི་ལུས་ལ་ན་ཚ་བྲལ་ཞིང་ཀླད་པ་ཡོན་ཏན་གྱིས་གང་བའི་བཀྲ་ཤིས་ཤོག ཁྱོད་ནི་གྲོགས་ཀུན་ལ་མཐུན་པའི་མི་བུ་གཤིས་འཇམ་ཞིག་སྟེ། ཁྱོའི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ། ཁྱོད་ནི་ཁ་མཚར་ཀུ་རེའི་ཁྲོད་ཀྱི་གངས་བུ་སྟེ། དགོད་སྒྲས་འཛམ་གླིང་བཀང་བའི་སྟག་ཤར་ཡིན། དེ་ཕྱིར་་་་་་ ཁྱོའི་འཛུམ་མདངས་ལ་གསོན་ཉམས་ལྡན་ཞིང་། སེམས་རྩ་སྐྱིད་ལ་འཁོར་བའི་སྨོན་འདུན་ཞུ། ༢༠༡༦ ༩ ༤ཉིན་གྲོགས་མེ་སྲས་ཁྱེད་ཀྱི་སྐྱེས་སྐར་ལ་ཕུལ། མེ་སྲས། བགྲང་བྱའི་འཁོར་ལོ་གཉིས་ལ་རབ་ཏུ་འདྲིས་པའི་གྲོགས་དམ་པའམ་སྙན་ངག་པ་༼མེ་སྲས་༽ལགས་ཀྱི་སྐྱེས་སྐར་ལ་ལེགས་སྐྱེས་ཤིག་གི་ཚབ་ཏུ། རྒྱང་རིང་གི་ཟླ་འོད་ཁྱོད། ངས་འཚོ་གཞིས་ཀྱི་དུད་ཁྱིམ་དེ་ནས་ཁྱོད་ཉིད་མི་ཡུལ་དུ་འཁྲུངས་བའི་དུས་སྐར་འདི་ལ་སྨོན་འདུན་གྱི་སྙིང་གཏམ་མང་པོ་ཞིག་གླེང་ན་འདོད་མོད། འོན་ཀྱང་། འུ་གཉིས་ཀྱི་སྟེས་དབང་དེ་རི་ཆུ་ལུང་གསུམ་གྱིས་རྒྱང་དུ་བཅད་ཕྱིར། ངའི་སྨོན་འདུན་དེ་དག་ཀྱང་སྟོང་བསམ་གྱི་མཁའ་ལ་རི་མོ་བཏབ་པ་བཞིན་ཁྱོད་ཀྱི་སྙན་ཟུང་གི་བུ་རམ་ལ་གྱུར་མ་ཐུབ། དྲང་མོ་བཤད་ན་དེ་ཡང་བཟང་ན་ཐང་། རྒྱུ་མཚན། ཁ་སྒོ་ནས་བུས་པའི་སྐད་ཆ་དེ་དག་ནི་སྤྱིར་བཏང་གི་འགྲོ་སྟངས་ཙམ་ལས་དངོས་ཤུགས་རྒྱུད་གསུམ་ནས་སྨོན་ལམ་འདེབས་མཁན་ཞིག་དང་། ཁ་གཡང་སྒྲོག་མཁན་ཞིག་སུ་ཡོད་མི་ཤེས། དེ་ཕྱིར་ངས་ཁྱོད་ལ་ཁ་གཡང་སྒྲོག་པ་ལས་བདེན་པ་བདེན་ཐུབ་ཀྱི་སྐད་ཆ་ཞིག་ལེགས་སྐྱེས་ཀྱི་དོད་དུ་ཕུལ་བ་ཡིན། ལོ་ཟླ་འདི་གའི་རིང་འུ་ཚོ་ནི་སློབ་གྲྭའི་ཁོར་ཡུག་ཅིག་ནས་ངོ་ཤེས་ཤིང་སེམས་འདྲིས་ཀྱི་གྲོགས་པོ་ཞིག་ཏུ་ཆགས་པ་རེད་ལ། ལྷག་པར་དུ་འུ་ཉིས་སྒེར་གྱི་འབྲེལ་བའི་ཐད་ནས་ཀྱང་སྐྱོ་སྡུག་གི་སྐད་ཆ་ཐེངས་མང་པོར་གླེང་མྱོང་བར་མ་ཟད་ཁ་རྩེད་དང་ལག་རྩེད་དེའང་གྲངས་ལས་འདས་པ་ཞིག་མྱོང་། གང་ལྟར་ཁྱོད་མི་འཇོན་ཐང་ཅན་ཞིག་ཡིན་པ་ངས་སྔོན་ནས་ཤེས་ཡོད། འོན་ཀྱང་ང་དོགས་པ་ཆེ་ས་ནི། ཁྱོད་ཀྱིས་རྣམ་གཡེང་གི་འདུ་འཛི་ལ་རྣམ་ཤེས་ཐིམ་དུ་བཅུག་སྟེ་རང་གིས་རང་ལ་ནད་པ་ཞིག་ཏུ་བསྒྱུར་ཨེ་འགྲོ་སྙམ་པ་དེ་རེད། ངས་ནམ་རྒྱུན་ཁྱོད་ཀྱི་མིང་ལ་སྙན་ངག་པ་ཞེས་བོས་མྱོང་བ་དེའང་། དོན་ངོ་མ་བཤད་ན་ཁྱོད་སྙན་ངག་པ་ཞིག་ཡིན་མིན་མི་ཤེས་མོད། ཡིན་ན་ཡང་ངས་འདི་ལྟར་འབོད་དོན་ནི་ཁྱོད་ཉིད་སྙན་ངག་ལ་དགའ་མཁན་ཞིག་དང་། སྒྱུ་རྩལ་ལ་དུང་མཁན་ཞིག འབྲི་སྦྱོང་ལ་མོས་མཁན་ཞིག་ཡིན་པས་ངས་ཁྱོད་ལ་སྙན་ངག་པ་ཞེས་བརྗོད་པ་ཡིན། ཁྱོད་ཀྱིས་ཀྱང་མུ་ནས་མུ་རུ་འབད་པ་དང་དམ་འཛིན་བྱོས་དང་ནམ་ཞིག་གི་དུས་སུ། ངས་ཁྱོད་ཀྱི་མིང་ལ་སྙན་ངག་པ་ཆེན་པོ་ཞེས་འབོད་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་དངོས་མ་ཞིག་ཡོད་ལ། རིགས་ཀྱི་ཚབ་མཚོན་མི་སྣ་ཞིག་ཏུ་འགྱུར་བར་མིག་ཟུང་ཅེར་ནས་ཡོད། རྒྱང་རིང་གི་གྲོགས་པོ་ལགས། ད་དུང་།____ དུས་ཚོད་བྲེལ་ཆེ་བས་མཚམས་འཇོག་བྱེད། སྤྱིར་བཏང་མང་པོ་ཞིག་ཡོད་མོད། ཡིན་ན་ཡང་རྗེས་མ་གླེང་རྒྱུ་བྱེད། ཡིག་སྐྱོན་སོགས་ལ་དགོངས་དག 2016/9/4 གྲོགས་པོ་མེ་སྲས། ལོ་དེའི་ཟླ་དེའི་ཚེས་དེའི་ཉིན་མོའི་དུས་ཚོད་ཅིག་ལ། ཤེད་ཀྱིས་བཙིར་བའི་ངུ་སྐད་ཚ་བོ་འཁོར་བའི་གཏིང་ལ་སིམ། དེ་ནི་སྙན་ངག་མ་རེད་དཔའ་བོའི་གད་རྒྱངས་ཏེ། བདེན་པའི་ཀི་རིང་རེད། བཙན་པོའི་ངར་སྒྲ་རེད། དུས་ཚོད་རེ་རེ་དང་སྐར་ཆ་ཆེ་ཆུང་གི་བསྡུས་བསགས་ཁྲོད་ནས། ཁྱོད་ནི་ ལུས་ལ་སྟོབས་རྒྱས་པའི་གྱད་མི་ཞིག་ཏེ དེང་གི་མེ་སྲས རུས་པ་སྲ་མཁྲེགས་ཅན་གྱི་ཕོ་ཤ་ར་ཞིག་སྟེ དེང་གི་མེ་སྲས མེ་སྲས་ཡ་ མེ་སྲས། སྙན་ངག་པ། སློབ་གཉེར་བ། ཡོན་ཏན་པ•••••••••••••• ཁམས་པ་སྡེ་དགེ་ནས་ནང་གྲོགས་མེ་སྲས་ཀྱི་སྐྱེ་སྐར་ལ་གཤིས་ལེགས་ཀྱིས། མེ་ཡི་སྲས་པོའི་སྐྱེས་སྐར་བསུ། _______ སོ་ཁུང་། • ཁམས། . རྫ་ཆུའི་འགྲམ་རྒྱུད་ཀྱི་མེ་ཡི་སྲས་པོ།། སྐྱེས་ཉིན་ངུ་ངག་དང་འོ་དྲི་ཐུལ་ལེ།། དེ་ནས་དབྱངས་གསལ་ཀྱི་སྦྱོར་ལ་སློབ་ཡོད།། ད་ནི་སློབ་གླིང་དེར་ཀི་ཞིག་འདེབས་ཞོར།། རྩོམ་དང་སྙན་ངག་གི་བརྗོད་བྱ་གླེང་ནས།། རེ་བའི་རྨི་ལམ་ལ་རྒྱང་ལྟ་བྱེད་བཞིན།། མི་ཚེ་རིང་མོ་དེའི་ལམ་བུ་འཚོལ་གྱིན།། རེ་བའི་མི་ཕོ་ཁྱོད་ལམ་དུ་ཆས་ཤོག། 2016 9 3ཉིན་ཁྱོད་ཀྱི་སྐྱེས་སྐར་ཡིན་པ་ཐོས་ནས་བྲེལ་ཚབ་བར་ནས་བྲིས། ༼མེ་སྲས་ཀྱི་སྐྱེས་སྐར་བསུ༽ ཁ་མདོག་ནག་ཅིང་སོ་དཀར་ལ།། ལུས་བོངས་ཆེ་ཆུང་ཡུན་རན་པ།། ཁ་མཚར་ཀུ་རེའི་རྒྱལ་བོ་ཞིག། གྲོགས་པོ་ཁྱེད་འདྲ་ད་རུང་དཀོན།། མ་ཡུམ་སློབ་གྲྭར་ཁ་གྱེས་རྗེས།། སློབ་གྲོགས་ང་ཚོ་བརྗེད་མ་འཇོག། བསམ་དོན་འགྲུབ་པའི་རེ་བ་རུ།། དཀོན་མཆོག་གསུམ་ལ་གསོལ་བ་ཐོབས།། དེ་རིང་ཁྱེད་ཀྱི་སྐྱེས་སྐར་རེད།། གཏམ་ཉོག་མང་བོ་བཤད་མི་བྱ།། སྡེབ་སྦྱོར་ཚིག་གི་སྙན་ཞན་ཡང་།། ཁ་གཡང་ཞིག་གིས་སྐྱེས་སྐར་བསུ།། ཁྱེད་རང་འཇིག་རྟེན་འདིའི་སྟེང་གི།། དགའ་སྐྱོ་འདྲེས་མའི་འཚོ་བ་རུ།། ཐོག་མར་རོལ་བའི་ཉི་མ་རེད།། རིན་ཐང་ལྡན་པའི་སྨོན་ལམ་འདེབས།། ད་ལྟ་ན་ཚོད་གཞོན་ནུའི་དུས།། རིག་པའི་གླིང་ལ་ནན་གྱིས་སྐྱོད།། རིག་པའི་རལ་གྲི་སྔར་ལས་ཀྱང་།། རྣོ་ཞིང་མྱུར་བའི་བཀྲ་ཤིས་ཤོག། མ་འོངས་མདུན་གྱི་ལམ་ཁ་རུ།། ཕུགས་བསམ་མཐའ་དག་མངོན་འགྱུར་ཞིང་།། ཕྱི་ནང་ཀུན་ནས་བལྟས་ན་ཡང་།། ཡོན་ཏན་གཟི་འོད་འབར་བར་ཤོག། སྐྱེས་སྐར་ལ་རྟེན་འབྲེལ་ཞུ། ༢༠༡༦ ༩ ༤ཉིན་སློབ་གྲོགས་མེ་སྲས་ཀྱི་སྐྱེས་སྐར་ལ་ཕུལ། ཀླུའི་སྲས་མོ་ནས། མེ་སྲས་ད་ང་རང་། དང་ཐོག་འུ་གཉིས་འཕྲད་སའི་གནས་མལ་དེ།། ད་ནི་སྨོན་སའི་ཞིང་ཁམས་སྐྱིད་པོ་ཞིག། དང་མ་འུ་ཚོས་འཛུམ་རུས་བརྙེད་ས་དེ།། ད་ནི་དྲན་ཤིང་སྟོང་གི་ལྟེ་བ་ལགས།། ཇི་ལྟར་འགྱུར་བའི་རང་བཞིན་མ་མཐོང་ཀྱང་།། ན་ཚོད་འདི་ལ་ཕྱིན་པའི་དེ་རང་ནི།། ཕྱིར་དྲན་ཕྱེ་བ་སྟོང་གི་བང་སོ་ན།། དགའ་སྡུག་གཉིས་ཀའི་འཚང་ག་བྱེད་ཀྱིན་བདའ།། བཤད་ན་གསལ་ལ་མ་བཤད་ནའང་གསལ།། བྲིས་དང་མ་བྲིས་མེད་པའི་སྙིང་གཏན་འདི།། ཁ་དང་ལག་པའི་འཁྱོང་བ་མ་ཡིན་དེ།། སེམས་ཀྱི་རྐང་ན་ཟུག་པའི་བགས་ཆགས་ཡིན།། དེ་རིང་དགོས་དབང་ཞིག་གིས་བྲིས་ནི་ཡིན།། 2016-9-4ཉིན་ཚེ་དབང་གིས་ གྲོགས་པོའི་སྐྱེས་སྐར་ལ་མ་ཐོན་པར་རྒྱང་རིང་ནས་སྨོན་འདུན་དང་བཅས་བྲིས་པ་ཡིན། གྲོགས་མེ་སྲས་ཀྱི་སྐྱེས་སྐར་དང་འབྲེལ་བའི་གཏམ། གྲོགས་སྙན་ཁུག་གིས། སུ་ཟིག་དེ་རིང་སྐྱེས་པ་ཡིན། སྙན་ངག་ཅིག་སྐྱེས་པ་ཡིན་ནམ། ཡང་ན་སྙུག་གུ་ཞིག་སྐྱེས་པ་ཡིན། དོན་ངོ་མ་སུ་དེ་རིང་སྐྱེས་པ་ཡིན། ང་ལ་དྲང་མོ་ཞིག་ལན་འདེབས་རོགས། སུ་རེད་སུ་རེད། དེ་རིང་གི་སྐྱེས་སྐར་འདི་སུ་ཡི་སྐྱེས་སྐར་ཡིན་ནམ་མགྱོགས་ལན་ཞིག་འདེབས་རོགས་མིན་ང་འགྲོ་རན་སོང་། རི་ལུང་ཆ་མེད་ཅིག་ལ་རི་མགོར་ནགས་ཚལ་གྱི་འབྲེལ་བ་ཞིག་ལ་འགྲོ་རན་སོང་། བར་སྐབས་འདི་ནས་གྲོགས་ཤིག་གི་ལན་བཏབ་སོང་། དེ་རིང་གི་སྐྱེས་སྐར་འདི་ནི་ངས་གྲོགས་པོ་དམ་པ་མེ་སྲས་ལགས་འཇིག་རྟེན་འདིར་ངུ་སྐད་ཀྱི་རི་ལུང་བཀང་སྟེ་ ཨ་མའི་པང་ཁུག་ཏུ་དགོད་འཛུམ་མེ་དྲོད་ལྷེང་ངེ་བྱུང་བའི་ཉིན་མོ་ཞིག་ ཡིན་པས་བདག་གི་ཁོ་བོ་ལ་དགའ་བསུ་ཚངས་ཆེན་འདྲ་བྱས་ཏེ་ང་ཡོང་གི་ཡོད། སྙན་ངག་གི་རྟ་ཕོ་ཅིག་ཞོན་ནས། སྙུག་གི་ཡི་ལྕགས་ཚན་ཅིག་ཟུངས་ནས། ཁ་གཡང་གི་ཡིག་འབྲུ་ཞིག་ཤོག་ངོར་ཕབ་སྟེ། ལམ་ཆ་ཆེས་བཞིན་ཡོད། དེ་རིང་ཁྱོད་རང་ཁྱིམ་ན་ཡོད་དམ། སློབ་ཁང་ནང་ན་ཡོད། དེ་རིང་གི་ཚགས་ཡིག་འདི་ལས་འུ་གཉིས་ལ་ཡུན་རིང་འཕྲད་པ་དང་ངོ་ཐུག་སོགས་མེད་ན་མི་ཤེས། དེ་རིང་ནི་ཁྱོད་ལ་ཆེས་དགའ་སུས་ ལེགས་སྐྱེས་སྙན་ངག་ཟེར་བ་དེ་ཁུར་ཡོད་ལ་སྙན་ངག་འདི་ནི་རང་མོས་ ཀྱི་སྙན་ངག་ཅིག་ཡིན་འོན་ཀྱང་ངས་སྙན་ངག་ནི་ང་ལ་ཆེས་འགྲོགས་ཡུན་རིང་དང་འབྲེལ་འདྲིས་ཡོད་པ་མིན་ལས་ཧ་ཅང་དཀའ་ལ་ཉན་མི་ཤེས། དེ་རིང་ཁྱོད་ལ་འབྲི་དོན་ནི་ཁྱོད་ནི་བདག་གི་གྲོགས་པོ་བཟང་ཤོས་ཡིན་པ་ན་བདག་གི་རང་མོས་སྙན་ངག་འདི་གོ་སླ་བ་ཡིན་ལ་ཉན་ཡང་སླ་བ་ཡིན་པ་ན་འབྲི་འདོད་ཧ་ཅང་ཆེ་ལ་དགའ་བས་སོ།། སྐྱེས་སྐར-༩-༤བསུ། རྒྱང་རིང་གི་ཡུལ་གྲུ་ཞིག་ནས སྨོན་ཚིག་གི་རྟེན་འབྲེལ་ཞུ་བཞིན སྙན་ངག་ལ་ཡར་བསྐུལ་བྱེད དོན་གྲུབ་རྒྱལ་་་་་་་་ཡང་ན་མེ་སྲས་་་་་ ཁྱེད་ནི་མཐོ་སྒང་ན་གནས་པའི་སྒྲོན་མེ་ཡིན་ལ ཚོར་ཤེས་ཀྱི་ཁྲག་རྩ་རེ་རེ་ན་མི་རིགས་ལ་བཅང་བའི་དུང་སེམས་རྣལ་མ་ཡོདཔ་ བསུ་་་་་་ཁྱེད་ཉིད་འཇིག་རྟེན་འདིར་འཁྲུངས་བའི་སྐྱེས་སྐར་སྐྱ་རེངས་དང་ལྷན་དུ་བསུ་བ་ཡིན ཁ་དགེ་བཀྲ་ཤིས་འབྱུང་བའི་ལེགས་སྐྱེས་ཡིན :•མེ་ལོང་གི་སྲས། (གཅིག) ཐ་སྙད་ཀྱི་མཁར་རྫོང་བརྩིག་ཏེ བཅད་གསར་ལ་ཡོངས་སུ་ཐིམ་ཤིང སྙན་ངག་ཧུབ་ཀྱིས་བཏུང་བའི་མེ་སྲས་ལགས རང་ཉིད་ཀྱི་དགའ་མ་ལྟ་བའི་དེ་རིང་གི་ཉི་མོ ཁྱོད་འཇིག་རྟེན་འདིར་ཕེབས་པར་རྟེན་འབྲེལ་གྲངས་མེད་ཡོད ཁྱོད་མི་རིགས་འདིར་ཡིན་པ་ཡང་དགའ་བ་འབུམ་གྱིས་བསུ གང་ལྟར་ཁྱོད་ནམ་ཡང་མདུན་ནས་མདུན་དུ་བསྐྱོད་དགོས་ཨང (གཉིས།) ཁྱོད་ལ་རིགས་ཞེན་ཡོད ཁྱོད་ལ་རེ་བ་ཡོད ཁྱོད་ལ་ཡིད་ཆེས་ཡོད ཁྱོད་ལ་སྙིང་སྟོབས་ཡོད ཁྱོད་ལ་སྤོབས་པའང་དེ་བས་ཡོད མདོར་ན་ཁྱོད་ལ་ཚང་མ་འཛོམས་ནས་ཡོད (གསུམ) མུ་མཐུད་དུ་སྙན་ངག་གི་ཆང་འདི་བཏུང་ནས རང་ཉིད་ཀྱི་རང་ཉིད་མི་ཤེས་པར་བཟི་རུ་ཆུགས་ཏེ མེ་སྲས་ཅེས་འཇིག་རྟེན་གཞན་ཞིག་ནས་གྲགས་པར་བྱོས གྲོགས་ཀྱི་ནམ་ཡང་ཡིད་ཆེས་དང་རེ་སྒུག་གི་ཀློང་ན་ཡོད /2016.9.4.ཉིན་གྲོགས་མེ་སྲས་ཀྱི་སྐྱེས་སྐར་ལ་སི་བོད་སློབ་གྲྭ་ནས་ཁམས་དྲང་སྨྱུག་འབོད་པས་ཕུལ། ལོ་རེའི་སྐྱེས་སྐར་ལ་སླེབས་དུས ཁྱོད་ལ་ཚོར་སྣང་འདྲ་ཨེ་འདུག ནར་སོན་པའི་གོ་རིམ་རེ་རེའི་ནང་དུ ཁྱོད་ལ་ག་རེ་འཐོབ་སོང ངས་མི་ཤེས ཁྱོད་ཀྱིས་རྟོགས་སམ འབྱུང་འགྱུར་གྱི་ལམ་ཁ་རེ་ན ངས་ཁྱེད་ལ་སྨོན་ཚིག་གཏོར སྐྱིད་ལ་སྡུག་པའི་མི་ཚེའི་ནང གསོན་ཤུགས་སྣོན་རོགས ངས་རེ་བ་ཡིན སྐྱབས་འཇུག་ཡིན སློབ་གྲོཊ་་་་མེ་སྲས་སྐྱེ་སྐར་ལ་རྟེན་འབྲེལ་ཞུ། མིང་སྲིང་ལྷན་འཛོམས་དུས་ལ་དགོད་སྒྲའི་ཁྲོད།། ཁ་མཚར་ཀུ་རེའི་འཚོ་བ་སྤྲོ་སྐྱིད་ལྡན།། དེ་ལྟར་བསམ་ན་ཕུ་བོ་ལྷག་ཏུ་དྲན།། ཨ་ཁུ་ཁྲོ་ཐུང་མཐོང་ན་དེ་བས་དྲན།། ཕུ་བོ་ལགས། འཁྲུངས་སྐར་ལ་རྟེན་འབྲེལ་ཞུ། བསམ་དོན་ལྷུན་འགྲུབ་དང་ནད་མེད་ཚེ་རིང་ཤོག ནུ་མོ་སྒྲོལ་མས་གུས་པ་དང་བཅས། ༢༠༡༦.༩.༤ མེ་སྲས་ལ་ཞུས་པའི་གཏམ། • ཀླུ་འབུམ་རྒྱལ། ཁྱེད་ནི་དེ་རིང་སྐྱེས་པའི་ཉིན་སྐར་ཡིན། ། སྐྱེས་ཏེ་དེ་རིང་བར་དུ་འདང་བརྒྱབས་ན། ། ཉིན་ཞག་བགྲང་མེད་ཅིག་ཀྱང་འདའ་ཚར་བས། ། མི་ཡུལ་འགྲིམ་པའི་བྱ་གཞག་ག་ཙམ་འགྲུབ། ། ཐར་བགྲོད་མི་ཡི་གྲུ་གཟིངས་ལོན་པ་ནས། ། ཁྱེད་ལ་དགའ་བའི་ཚོར་བ་ཇི་འདྲ་འདུག ། འདི་ནས་གྲུ་ལ་བཞུག་སྟེ་སོང་བ་ན། ། འཁོར་བའི་རྒྱ་མཚོའི་ཕ་མཐར་བརྒལ་ནུས་སམ། ། སློབ་གྲོགས་དམ་པ་མེ་སྲས་ཀྱི་སྐྱེས་སྐར་བསུ། སློབ་གྲོགས་ལགས།གོམ་ཁ་རྒྱང་རིང་དུ་སྤོས་ཤིག མདུན་ལམ་སྟེ་རབ་རིབ་ཞིག་ཡིན་ནའང་། རེ་བ་ཆེ་ཤོས་དེ་བཟུང་ཞིག ཐབས་ཟད་འུ་ལ་ཐུག་ཀྱང་།བློ་རྩེ་གཅིག་ཏུ་འབད་དགོས།བྱ་བ་གང་ཞིག་བསྒྲུབ་རུང་།རྒྱལལ་ཕམ་གྱི་སྟེགས་བུ་གཉིས་ཡོད།དེ་ཕྱིར་དེ་ལ་གྲལ་སྒྲིག་བྱོས། གྱ་ནོམ་ལེགས་སྐྱེས་མེད་ཀྱང་་་་་་་་བཤད་འདོད་པའི་སྐད་ཆ་དེ་ཡིན།རྒྱན་ལམ་བཅིངས་ནས་བྲིས་མེད་ཀྱང་་་་་སྙིང་གཏམ་ངོ་མ་ཡིན། སྐྱེས་སྐར་ལ་བཀྲིས་བདེ་ལེགས། ལུས་ལ་ནད་མེད་ཚེ་རིང་བཀྲིས་ཤོག རིགས་ཀྱི་འདུ་ཤེས་སེམས་སུ་བཅིངས་བར་ཤོག དབྱངས་ཅན་ལྷ་མོས་ངག་དབང་བསྩོལ་བར་ཤོག ཡོད་ཚད་བདེ་ལེགས་འབྱུང་བའི་བཀྲིས་ཤོག སྐྱེས་སྐར་སྐྱིད་པོ་ཡོང་བའི་བཀྲིས་ཤོག རྩོམ་པ་པོ་་་་་་་་་་མེ་སྲས་ཀྱི་སྐྱེས་སྐར་ལ་ཨྱོན་རྒྱན་ལྷ་མོ་ནས། སྐྱེས་སྐར་བདེ། ཚོར་སྨྱོན། དཀར་དམར་མེ་ཏོག་པད་མའི་ཚོམ་བུ་དང་།། གླུ་དབྱངས་སིལ་སིལ་ལེན་པའི་སྦྲང་ཆུང་གི། ཚོགས་དང་ལྷད་དུ་མཚན་ལོང་བྱུང་བའི་སྤུན།། དེ་རིང་ཁྱེད་ཀྱི་སྐྱེ་སྐར་དགའ་བས་བསུ།། ༼ཁྱེད་ཀྱི་སྐྱེ་སྐར་ལ་རྟེན་འབྲེལ་ཞུ།༽ དུས་ཚིགས་ཀྱི་བགྲོད་པ་ཆུ་བོ་བཞིན་རྒྱུགས་ཅིང་ ལང་ཚོའི་འགྱུར་བ་ཡང་རིམ་གྱིས་རྒྱས་ཡོད་པའི་ སྤུན་ཟླ་ལགས། དེ་རིང་ནི་ཁྱེད་ཀྱི་ལྟེ་ཁྲག་འཇིག་ རྟེན་དུ་ཟགས་པའི་ཉིན་མོ་དེ། ཉིན་མོ་འདི་ནི་ཁྱེད་ ལ་མཚོན་ན་གལ་ཆེ་ཤོས་ཀྱི་ཉིན་མོ་ཞིག་སྟེ། འཚོ་ བའི་འགྲོ་ཕྱོགས་ཡོངས་རྫོགས་ཀྱི་ཐོག་མའི་ལམ་སྣེ། ཁྱེད་རང་དེ་ནས་བཟུང་ཁད་ཀྱིས་འགྱུར་ནས་འགྲོ་བ་ མི་སྤྱི་ཡོངས་ལྟར་འཚོ་ཞིང་ད་ལྟའི་བར་གནས་པའི་ དེ་རིང་གི་ཉིན་མོ་འདིར་ཁོ་བོས་ཁྱེད་ལ་རྟེན་འབྲེལ་ ཞུ། མྱ་ངན་གྱི་ཁུན་སྒྲ་དང་། འོད་སྟོང་གི་ཟེགས་མ་ སོགས་ལས་ཕྱིས་ཀྱི་གྲྭ་དང་ཟུར་དུ་ཁྱེད་རང་བསྒུགས་ ནས་ཡོད་སྲིད་པས་དེ་དག་གི་འདེམས་ཀ་ནི་ཁྱེད་ཀྱི་ ཧུར་བརྩོན་དང་། སྙིང་རུས་སོགས་ཀྱི་མིག་རྒྱང་རིང་ ཐུང་ལ་རག་ལས་ཡོད། གངས་རི་ལྟར་དཀར་བའི་ བདག་གི་རྣམ་ཤེས་ཀྱིས་ཁྱེད་ཀྱི་མ་འོངས་པའི་འཚོ་ བ་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ། ༢༠༡༦/༩/༤ ཉིན་རྒྱ་གར་ལྷོ་ཕྱོགས་ནས་སྤུན་བློ་ཚེའམ་ རྫ་གསེར་མིག་ནས་ཕུལ། རུས་ལ་ཞེན་ཞིང་རིགས་ལ་སེམས་པ་དཀར།། གནའ་དེང་རིག་པའི་བདུད་རྩི་ཉིན་བཞིན་འཐུང་།། གུ་ཡངས་ལྟ་བས་ཕྱོགས་འཛིན་རིང་ནས་དོར།། གྲོགས་མཆོག་མེ་སྲས་སྐྱེས་སྐར་རྟེན་འབྲེལ་ཞུ།། དྷཱིཿཀུན་ཁྱབ་ཀྱིས་གྲོགས་སྨྱུག་ཐོགས་པ་མེ་སྲས་མཆོག་གི་སྐྱེས་སྐར་བཏེགས།། 2016 -9 -4ཉིན། སྐྱེས་སྐར་ལ་རྟེན་འབྲེལ་ཞུ། རབ་མཛེས་གངས་དཀར་གྱི་གནས་མཆོག་འདི་ནས།། དལ་བརྒྱད་འབྱོར་བཅུ་ཡི་རྟེེན་བཟང་ཐོབ་ཞིང་།། ཆོས་ལྡན་ཕྲེང་འཛིན་གྱི་མི་བུ་རྣལ་མ།། སྐྱེས་པའི་སྐར་མ་ལ་རྟེན་འབྲེལ་ངའི་ཞུ།། བགྲང་བྱའི་འཁོར་བགྲོད་གྱི་དུས་ཚིགས་བར་ནས།། ཉིན་བཟང་སྐྱེས་དཀར་གྱི་གཟའ་སྐར་འཕྲོད་སྦྱོར།། ཚེས་པའི་དུས་སྟོན་གྱི་སྐར་མ་བཟང་པོར།། སྡེབ་ལེགས་ཚིག་ཕྲེང་གི་ཤེས་ཚིག་བརྗོད་ཡོད།། སྐྱེས་སྐར་སྐྱེས་སྐར་ཞེས་ཀུན་གྱིའི་གླེང་འདུག།། དོན་མཐུན་སྐྱེས་སྐར་ལ་འགྲོ་ལུགས་ཡོད་ཀྱང་།། རང་ཤེས་སྐྱེས་སྐར་གྱི་དུས་ཐོག་འདི་ལ།། བཀྲ་ཤིས་དོན་འགྲུབ་གྱི་ཁ་གཡང་འབུལ་ལོ།། སློབ་གྲོཊ་རིན་ཆེན་སྒྲོལ་མས། ༢༠༡༦ ༩ ༤ཉིན།