ཐམས་ཅད་འདུ་འཛོམས་ཀྱི་ཉིན་མོ་ཞིག་ལ།།
དགའ་སྐྱིད་གླུ་དབྱངས་ཀྱི་མདངས་ལ་ཞེན་ཅིང་།།
ཕུ་ནུའི་མཛའ་བརྩེ་བཞིན་ཕྱི་ཐག་བརྟན་པས།།
ང་ཡི་མཆེད་གྲོགས་ཚོ་ཁ་བྲོ་བཀྲ་ཤིས།།
སེམས་པའི་གཞས་ཆུང་ཞིག་ངག་ལ་བཀུག་ནས།།
དགའ་བསུ་གྲངས་མེད་ཞིག་ལྷང་ལྷང་སྡེབ་པའི།།
མིག་ཟུང་ཐོ་རེངས་ལ་སྙིང་རྗེའི་ཁེངས་བ།།
ང་ཡི་སྤུན་མཆེད་ཚོ་ཚེ་རིང་ལོ་བརྒྱ།།
མུན་པའི་འོད་སྣང་བཞིན་མཚན་དཔེའི་བཀྲ་བ།།
ཕུགས་བསམ་རི་རབ་ལྟར་བརྟན་ཞིང་བརླིང་བ།།
རྒྱང་རིང་ས་མཐའ་རུ་བསྐྱོད་དགོས་བྱུང་བའི།།
ང་ཡི་སྤུན་མཆེད་ཚོའི་བསམ་དོན་མྱུར་འགྲུབ།།
འཁོར་བའི་ཆོས་ཉིད་ལ་རྟོག་པ་མངའ་བའི།།
བྱང་སེམས་སྲས་པོ་ལྟར་བྱམས་བརྩེའི་ཕྱུག་པའི།།
ནང་དམེ་འཁྲུག་རྩོད་ལ་ཞེན་པ་ལོག་པ།
ང་ཡི་སྤུན་མཆེད་ཚོ་ལ་རྒྱའི་ཁེངས་ཡོད།།
དད་པའི་མེ་ཏོག་ལ་ཡལ་འདབ་རྒྱས་འདུག།
དྲན་པའི་མཆེད་སྤུན་ཚོ་བར་ཐག་རིང་འདུག།
གྱེས་པའི་མིག་ཟུང་ལས་མཆི་མ་མེད་ཀྱང་།།
སེམས་པའི་གཏིང་ཞིག་ནས་བདེ་བོ་མི་འདུག།
སྐུ་གཟུགས་མྱུག་མ་བཞིན་དྲང་ཞིང་མཛེས་པའི།།
སྐད་ངག་ཁུ་བྱུག་བཞིན་སྙན་ཞིང་འཇེབ་པའི།།
ཐུགས་རྒྱུད་གཡང་བལ་ལྟར་དཀར་ཞིང་འཇམ་པ།།
ང་ཡི་མཆེད་གྲོགས་ཚོའི་ཕུགས་ལམ་ཡངས་སོང་།།
སྒང་བ་བོད་ནས།