<p class="ql-block">ལྷ་ས། ཕ་ས། རང་ཁྱིམ་དྲོན་མོ།</p><p class="ql-block">ཕ་ཁྱིམ་ལགས། ད་ལོ་ང་ཁྱེད་ཀྱི་པང་ནས་ལན་གཅིག་ངུ་དགོས་བྱུང་སོང་། མི་ཚེ་འདིར་ཁྱེད་ཀྱི་ཞལ་རས་ཡང་ཡང་མཇལ་བ་ཡིན་པས། ད་ཐེངས་ཡང་མིག་ཆུ་ཕུད་མི་འོས་མོད། གོད་ཆག་དེ། གྱེ་བྲལ་དེ། དྲན་གདུང་དེ། ཉིན་འདི་དག་ལ་སེམས་སུ་ཉལ་བའི་རྨ་ཁ་དེ། མིང་སྲང་ཚོས་རེ་འདུན་དེ། རྩམ་ཟན་ཞིག་གི་ཁྱེད་ལ་བཅངས་བའི་ཞེན་ཆགས་དེས་ང་ལ་རང་དབང་མ་སྦྱིན།</p> <p class="ql-block">ཕ་མཁར་ལགས། རྒྱང་རིང་ནས་མཐོང་ཡོང་ན་ཁྱེད་ཀྱི་གཏམ་རྒྱུད་དྲན་ཡོང་།ཆར་རླུང་དང་། བུ་ཡུག། ན་བུན་སོགས་ཀྱིས་ཇི་ལྟར་གཙེས་ཀྱང་། ཁྱེད་ཀྱི་རུས་པ་ད་དུང་དཀར་པོ་ཡིན་། ཁྱེད་ཀྱི་ཤ་ཞེན་ད་དུང་དམར་པོ་ཡིན། ལོ་ཟླའི་ཧྲག་བར་ནས་ཐར་བའི་ཁྱེད་ཀྱི་རུམ་ན། མེས་པོ་དཀའ་དྲིན་ཅན་ཚོས་གཏམ་རྒྱུད་ཡོད། རྣམ་ཤེས་ཡོད། བརྩེ་བ་ཡོད། ང་དང་ངའི་ལས་དབང་ཡོད།</p> <p class="ql-block">ཕ་གཞིས་ལགས། ཉིན་འདི་དག་ལ། ངའི་ཁ་སེམས་གཙང་མས། དགའ་སྐྱོ་འདྲེས་མས། ཁྱེད་ལ་མིག་གིས་བལྟས། སེམས་པ་གླན། གང་ལྟར་རྩམ་ཟན་གྱི་རིགས་སུ་སྐྱེས་པའི་ང་ལ་མཚོན་ན། རང་ལ་བྱམས་སྐྱོང་གནང་མཁན་གྱི་ཕ་མ་མིང་སྲང་སོགས་རེ་རེ་བཞིན་ཁྲིད་ནས་ཁྱེད་ཀྱི་པང་དུ་ལོག་ཐུབ་པ་ནི་རང་གི་མི་ཚེའི་བསོད་ནམས་ཞིག་དང་། རྒྱལ་ཁ་ཞིག། གཟི་བརྗིད་ཅིག་ལ་ངོས་བཟུང་ཡོད། ཚེ་ཡི་སྐུད་པ་ནམ་ཆད་ཅི་ཆ་མོད།ང་ད་དུང་ཁྱེད་ཀྱི་གམ་དུ་ཡང་ཡང་ལོག་འདོད། ང་ད་དུང་ཁྱེད་ཀྱི་པང་ནས་འཚོ་འདོད། ང་ད་དུང་།</p>