རྩ་བའི་བླ་མ་སྐྱང་སྟོན་དྲི་མེད་འོད་ཟེར་རིན་པོ་ཆེ

忧郁的詩人

<p class="ql-block"> (ཀ་རྩོམ་བླ་མའི་མཆོད་དབྱངས་།)</p><p class="ql-block">ཀ་དག་སྤྲོས་བྲལ་བོན་སྐུའི་ངང་ཉིད་ལས།ཁ་དོག་རང་གསལ་ལོངས་སྤྱོད་རྫོགས་པའི་སྐུ་།ག་སར་ཁྱབ་པའི་ངེས་མེད་སྤྲུལ་བའི་སྐུ་།ང་ཡི་བླ་མ་སྐུ་གསུམ་བདག་ཉིད་ཅན་།ཅ་རེར་སྙིང་ནས་ཁྱེད་ལ་གུས་ཕྱག་བརྩེགས།ཆ་ལུགས་མཛེས་པའི་སྤྱོད་པ་རྣམ་པར་དག།ཇ་ཆང་གཙང་མ་ལོངས་སྤྱོད་ཚོགས་སུ་བསྒྱུར་།ཉ་གང་ཟླ་བ་འདྲ་བའི་ཕན་བདེའི་མཛོད་།ཏ་ཐཱ་ག་ཏའི་བསྟན་པའི་སྲོག་ཤིང་ལ།ཐ་སྙད་བྲལ་བའི་མཆོད་སྤྲིན་ཁྱེད་ལ་འབུལ།ད་ལྟ་ཡང་དར་བསྟན་པའི་མཛེས་རྒྱན་དུ་།ན་བཟའ་ངུར་སྨིག་འཛིན་པའི་སྡེ་ནི་སྐྱོང་།པ་སངས་ལྟར་དཀར་ལྷག་བསམ་རྣམ་དག་གིས།ཕ་ནོར་བོན་གྱི་གྲུ་ཆར་ཕྱོགས་སུ་འབེབ།བ་གའི་ཀློང་ཆེན་རྡོལ་བའི་འཁྲུལ་ཞིག་པ།མ་ལུས་འགྲོ་བའི་སྐྱབས་མཆོག་བླ་ན་མེད་།ཙཀྲའི་དབྱིབས་ལས་དཀྱིལ་འཁོར་རིགས་བརྒྱའི་བདག།ཚ་གྲང་དམྱལ་བའི་དུཿ་་་ཁའིདཔུང་འཇོམས་མཛོད་།ཛ་ཡ་གོང་མའི་མཁྱེན་དཔྱོད་ནམ་མཁའི་ངོས་།ཝ་ལེར་གསལ་བས་སྙིགས་འགྲོའི་བློ་མུན་སེལ།ཞྭ་དཀར་བསྟན་པའི་གྲགས་སྙན་སྲིད་ན་ལྡིར་།ཟ་ཉལ་འགྲོ་འདུག་རྗེས་ཐོབ་ངང་ཉིད་ལས།འ་འུར་བྱ་བྱེད་ཤུགས་འབྱུང་སྤྱོད་པས་ཟིན་།ཡ་རབས་གོང་མའི་མཛད་བཟང་སྐྱོང་བའི་བདག།རྭ་ལྡན་ཁྱུང་གཤོག་ནམ་འཕང་གཅོད་བཞིན་དུ་།ལ་བཟླའི་ལྟ་བས་སྒྲོ་མདོག་དབྱིངས་སུ་གཅོད་།ཤ་ཁྲག་གདོས་ལུས་གཅེས་འཛིན་ཡེ་ནས་བྲལ།ས་ལམ་རིམ་པའི་སྤངས་རྟོགས་ཡོངས་སུ་རྫོགས།ཧ་ཅང་བསྟན་པའི་ཁུར་ཆེན་ཕྲག་ཏུ་བཞེས།ཨ་དོན་མཁྱེན་པའི་ཤིས་གཡང་ཁྱོད་ཀྱིས་སྩོལ་།།མཁྱེན་རབ་རྩལ་རྣམས་ཡོངས་སུ་རྫོགས་མཛད་པའི་།བླ་མའི་ཡོན་ཏན་བསམ་མཐའ་ཡས་མོད་ཀྱང་།ལྟོས་བཅས་བདག་འདྲས་ཐུགས་ཡངས་དགྱེས་པའི་གཉེན་།རྟོགས་བརྗོད་དངོས་འབུལ་ཚུལ་དེ་ལད་མོ་ཙམ།།འོན་ཀྱང་བདག་བློའི་དད་པས་རབ་བསྐུལ་བའི་།སྙིམ་པའི་མེ་ཏོག་སྤྱི་བོར་བརྒྱན་བཀོད་དེ་།ཐུགས་ཀློང་མཉེས་པའི་མཆོད་དབྱངས་ལྷན་ཅིག་ཏུ་།གདུལ་བྱ་རྒྱ་མཚོའི་མགོན་དུ་རྟག་བརྟན་གསོལ།།བཞུགས་པ་དོན་ཡོད་གང་སྐུ་རིན་པོ་ཆེའི་།དགུང་གྲངས་དགུ་བཅུའི་ཁྲི་འཕང་མཐོན་པོ་རུ་།སོན་པའི་དགའ་བས་མྱོས་པའི་མཚོན་བྱེད་དུ་།སྙན་ཚིག་དུམ་བུ་ངག་ནས་ཕྱོགས་སུ་ཐལ།།</p><p class="ql-block"> ཞེས་དྲིན་ཅན་རྩ་བའི་བླ་མ་སྐྱང་སྟོན་དྲི་མེད་འོད་ཟེར་རིན་པོ་ཆེ་ཚང་ལ་མཐེ་བྲག་ཉི་ཤར་དགོན་ནས་ཀུན་བཟང་རྒྱལ་མཚན་གྱིས་ཕུལ།།</p>