སྒྲོལ་མའི་ལང་ཚོ་དྲན་པ། འཇིག་རྟེན་མྱི། སྤྲིན་ལ་བསྐུར་བའི་འཕྲིན་པ།།
སྤྱི་སེར་རླུང་གིས་ཁྱེར་ནས།།
གསང་བའི་སྙིང་གཏམ་དམར་པོ།།
མི་བརྒྱའི་ཁ་ན་བབ་སོང་།།
བློ་ལ་འབབ་པའི་སྒྲོལ་མ།།
ཉིན་དྲན་མཚན་དྲན་བྱས་ཀྱང་།།
རི་ཆུའི་ཁད་ཀྱིས་འགྱང་བས།།
མཇལ་བའི་གོ་སྐབས་མ་བྱུང་།།
སྙིང་སྡུག་སྒྲོལ་མའི་འཛུམ་མདངས།།
རྨི་ལམ་ནང་ནས་རྨིས་བྱུང་།།
སེམས་དེ་སོང་སོང་དབང་གིས།།
འཁྲུལ་བའི་འཆར་སྣང་ལོས་ཡིན།།
ཞག་པོ་ཉི་ཤུའི་གྱེས་བྲལ།།
དེ་ཙམ་རིང་རྒྱུ་མེད་ཀྱང་།།
དྲན་པའི་སེམས་ཚབས་མཐུག་པོས།།
ལོ་གསུམ་འབྲལ་བ་འདྲ་བྱུང་།།
སྙིང་གི་གུར་ཁྱིམ་དབུས་ན།།
ཐུགས་རྗེའི་སྒྲོན་མེ་སྦར་མཛད།།
མི་འབྲལ་ཚེ་རིང་ལྷ་མོས།།
སེམས་པའི་འགྲོ་དོན་གནང་དང་།།
ང་དང་བྱམས་པའི་འདུ་འབྲལ།།
དེ་ཙམ་མོད་ཁི་མ་འཇུག།
མིག་ཆུས་བྲང་གཞུང་བརླན་པས།།
ན་ཚ་ངང་གིས་བསྐྱེད་ཡོང་།།
སྒྲོལ་མའི་མ་བཅོས་རང་མདངས།།
དྲན་པའི་མཁའ་ན་འཛུམ་རུང་།།
མཁའ་ལམ་སྟོང་སངས་མཐའ་མེད།།
ཇི་ལྟར་རེག་ཀྱང་མི་ཐུག།
སེམས་པ་ཁྱོད་ལ་འཁོར་ནས།།
འཛུམ་དང་སོ་དཀར་ཡལ་སོང་།།
བྱམས་པར་སེམས་ཤིག་ཡོད་ན།།
ཕྱིར་ཕེབས་ལན་གཅིག་གནང་དང་།།
ཆུ་བོ་ཡིན་ན་བཞུར་ཡོང་།།
གཤོག་ཐོགས་ཡིན་ན་འཕུར་ཡོང་།།
ང་ནི་རྐང་ཐང་ཁེར་འགྲོ།།
བྱང་ལམ་ཆོད་ཐབས་མི་འདུག།
བྱམས་པ་འབྲལ་བའི་ལེ་ལན།།
ཨ་སྔོན་གནམ་ལ་བདས་པས།།
མཁའ་ལམ་སྟོང་སངས་ཡིན་རུང་།།
སྐྱོ་བས་མིག་ཆུ་འཐོར་བྱུང་།།
རི་མགོའི་ལབ་རྩེ་སྐྱ་རིས།།
གྲོགས་མེད་འཁྱམ་པོ་ངེད་གཉིས།།
ཚུལ་དེ་འདྲ་བ་བསམ་ན།།
སྐྱོ་བ་དགུ་ལྷག་རྒྱས་བྱུང་།།
སྙིང་སྡུག་བྲལ་བའི་སེམས་གཅོང་།།
བཟོད་བཟོད་བཟོད་ཀྱིས་མ་ཚུགས།།
ཚུལ་དང་ཤེས་པ་ཉོབ་པོས།།
གཡང་ལ་ལྕེབ་དགོས་སྙམ་བྱུང་།།
འཕྲིན་འདིས་འགའ་ཞིག་ཁྲེལ་ཡོང་།།
འགའ་ཞིག་སྐྱོ་ཡང་སྲིད་ཀྱང་།།
སྒྲོལ་མ་སེམས་ལ་སོང་བས།།
ངོ་ཚ་སྤང་དགོས་འདི་ཡིན།། སྒྲོལ་མའིི་མིང་གིས་མཚན་པའི་སེམས་སོང་གི་སྙིང་སྡུག་དང་བྲལ་ཏེ། སྐྱོ་གདུང་གི་འདམ་དུ་བྱིངས་པའི་གྲོགས་ཤིག་ཚབ་ཏུ་འཇིག་རྟེན་མྱིས་བྲིས།