ཨོཾ་བདེ་ལེགས་སུ་གྱུར་ཅིག །

འཕགས་མཆོག་ཕྱག་ན་པདྨོའི་གདུལ་བྱའི་ཡུལ།།

གངས་ལྗོངས་ས་ལའི་སྨན་གྱི་ཡུལ་ཁམས་ཀྱི།།

མདོ་སྨད་རྟ་ཡི་ཆོལ་ཁའི་ཞིང་ཁམས་ཀྱི།།

འབའ་ཡུལ་མཐོང་བ་ཀུན་སྨོན་ནང་རོལ་དུ།།

ལྷ་དང་བླ་མའི་ཐུགས་རྗེའི་བྱིན་མཐུ་དང་།།

ཡི་དམ་དཔའ་བོ་མཁའ་འགྲོའི་ནུས་མཐུ་དང་།།

སྔོན་གྱི་ཚོགས་བསགས་བཟང་པོའི་བཀོད་པ་ཡིས།།

རྙེད་དཀའ་དལ་བའི་ལུས་རྟེན་བཟང་པོ་ཞིག །

སྤྱི་ལོ་ཉིས་སྟོང་བཅུ་དགུའི་ཚེས་བཟང་སྟེ།།

ཉི་ལྡོག་བྱེ་འགྱུར་དུས་ལ་བདག་ཁྱིམ་དུ།།

ངུ་ངག་དབྱངས་ལ་འདྲིས་ནས་མགྲོན་དུ་སླེབས།།

ཕོ་མཆོག་མོ་དམན་ལྟ་བ་མེད་ཡང་།།

གཡང་ཁྱིམ་གྲུ་བཞིར་མི་ལོ་གཉིས་ཙམ་འགོར།།

གཅེས་པའི་བུ་ཁྱོད་ཨ་ཕའི་ལག་རྟེན་ཡིན།།

སྙིང་གི་བུ་ཁྱོད་ཨ་མའི་སེམས་རྟེན་ཡིན།།

དལ་འབྱོར་ལུས་རྟེན་ཡང་ཡང་རྙེད་དཀའ་བས།།

ཆུད་པར་མ་བཟོ་མི་ཚེ་དོན་བྱོས།།

ལས་དང་རྒྱུ་འབྲས་རང་གི་མིག་བཞིན་སྲུངས།།

ཕ་མ་རྒན་པ་མགོ་བོའི་ཞྭ་བཞིན་བཀུར།།

མཉམ་པ་གྲོགས་ལ་བརྩེ་བའི་དར་གྱིས་ཆོངས།།

རིག་པའི་གནས་ལ་ཉིན་མཚན་ཁྱད་མེད་སྦྱོངས།།

ཕ་མེས་སྲོལ་བཟང་རྒྱུན་པར་རྒྱུན་འཁྱོངས་གྱིས།།

གཡོ་སྒྱུ་ཁྲམ་གསུམ་བྱ་བ་རིང་དུ་སྤོངས།།

གཡོ་མེད་དྲང་བའི་ལམ་ལ་ལེགས་ཞུགས་ནས།།

རང་གི་ནུས་པས་ཀུན་ལ་ཕན་སེམས་སྐྲུན།།

འདི་འདྲའི་རེ་བའི་ཚིག་གིས་མདུན་བསུས་ནས།།

གཅེས་ཕྲུག་བུ་ཡི་སྐྱེས་སྐར་དུས་བཟང་ལ།།

བཀྲ་ཤིས་ཁ་གཡང་སྟོང་གི་མཆོད་པ་འབུལ།།

ཚེ་དཔག་མེད་ཀྱིས་ཚེ་ཡི་དངོས་གྲུབ་བསྩོལ།།

འཇམ་པའི་དབྱངས་ཀྱིས་ཐུགས་ཀྱི་དངོས་གྲུབ་བསྩོལ།།

འཕགས་མ་སྒྲོལ་མས་འཕྲིན་ལས་རྒྱས་པར་མཛོད།།

དཀོན་མཆོག་བླ་མའི་དུས་རྒྱུན་སྐྱབས་སུ་བཟུང་།།

ཁ་ལས་ཁྱུང་ཆེན་བཞིན་དུ་བསྐྱོད་པར་ཤོག །

སྙན་གྲགས་འབྲུག་སྒྲ་བཞིན་དུ་གྲགས་པར་ཤོག །

དབང་ཐང་སེང་གེ་བཞིན་དུ་བརྟན་པར་ཤོག །

དཔལ་རྩལ་རྒྱ་སྟག་བཞིན་དུ་ཆེ་བར་ཤོག །

མདོར་ན་ཅི་བསམ་མ་ལུས་འགྲུབ་པར་ཤོག །

སྤྱི་ལོ་༢༠༢༡ལོའི་ཟླ་༡༢པའི་༢༢ཉིན་དབང་མིང་བས་བུའི་སྐྱེས་སྐར་ལ་རང་མལ་དུ་ཤར་མར་བྲིས་པ་དགེའོ།