ཨ་ལགས་གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ།། བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར།། དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས།། ཉིན་རེར་འགྲོ་ཐབས་དེས་ཀྱང་མི་ཕན་པས།། དཔེ་འཛིན་སྐྱོར་སྦྱོང་ཡུན་དུ་གྱིས་ཤིག་ཨང་།། ཞེས་པ་ལྟར། སྐད་ཡིག་སློབ་དཔྱོད་ཁང་ཞིག་ལ་མཚོན་ན་དཔེ་འཛིན་སྐྱོར་སྦྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་ལ། ལྷག་པར་དུ་ན་ཆུང་བྱིས་པ་ཞིག་ལ་མཚོན་ན་དྲན་ཤེས་རྒོད་པོ་དང་བློ་རིག་ཆེས་གསལ་དུས་ཡིན་པས། བློར་འཛིན་གྱི་བྱ་བ་དང་པོ་རུ་བརྩི་དགོས། དེའི་མཚུངས་སུ་ངེད་རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་བཅའ་སྡོད་སློབ་གྲྭས་ཀྱང་སློབ་རའི་རིག་གནས་མཁའ་དབུགས་རྒྱུད་འཛིན་དང་རྨང་གཞིའི་ཤེས་བྱ་མཐོར་འདེགས་གཏོང་ཆེད་དུ་བོད་ཡིག་སློབ་དཔྱོད་ཁང་གིས་བློ་སྐྱོར་ཡིད་ཀྱི་རྡོ་རིང་སྐབས་དགུ་བ་དངོས་སུ་སྤེལ་བ་ཡིན་ལ། བྱ་འགུལ་གྱི་དམིགས་བྱ་ནི་སློབ་མའི་སྦྱོར་ཀློག་གི་ནུས་པ་དང་སྒྲའི་དག་ཆ་ཇེ་བཟང་དུ་གཏོང་བ། སློབ་མའི་ཀློག་འདོན་གྱི་ནུས་པ་དང་བྱང་ཆ་ཇེ་ལེགས་སུ་གཏོང་བ། སློབ་མའི་སྐད་ཡིག་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ། སློབ་མ་སྐད་ཡིག་ལ་དགའ་བའི་འདུ་ཤེས་ཟབ་ཏུ་གཏོང་བ། སྐད་ཆ་བཤད་པའི་ནུས་པ་དང་སྤོབས་པ་སྐྱེད་སྲིང་བྱེད་པ།

དཔྱད་འདེམ་པ་ཚོས་སྐར་མ་རྒྱག་བཞིན་པའི་རྣམ་པ།

འཛིན་གྲྭ་སོ་སོའི་མཉམ་སྐྱོར་བྱེད་བཞིན་པའི་རྣམ་པ།

ཐེངས་འདིའི《བློ་སྐྱོར་ཡིད་ཀྱི་རྡོ་རིང་》ཞེས་པའི་བྱ་འགུལ་འདི་ངེད་བོད་ཡིག་སློབ་དཔྱོད་ཁང་གིས་སློབ་མ་ཚོར་དཔེ་ཀློག་གི་དགོས་གལ་ཆེ་བའི་རིན་ཐང་རྟོགས་སུ་འཇུག་པའི་ཆེད་དུ་རང་ནུས་ཅི་ལྕོགས་ཀྱིས་ཞིབ་ཚགས་ཡོང་ཅི་ཐུབ་བྱས་པས་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད། ཡིན་ཡང་ཞན་ཆ་དང་མི་འདང་བའི་ཆ་ཡང་ཡོད་དེ། ལོ་རིམ་དམའ་ས་ལ་ལས་སྦྱོར་ཀློག་སྐབས་སུ་སྒྲའི་འགྱུར་བ་ཅུང་མི་དག་པ་དང་། ཡང་འཛིན་གྲྭ་ལ་ལས་ཀློག་ལ་དེ་འདྲ་བྱང་ཆ་མི་ལྡན་པའམ་བློར་འདོན་སྐབས་མཚམས་རེར་འཐོག་པ་སོགས་སྐྱོན་ཕྲན་ཙམ་རེ་བྱུང་ལ་དེ་ནི་འབྱུང་ཡང་སྲིད་པ་ཞིག་རེད།སྤྱི་ཡོངས་ནས་ཧ་ཅང་ཕུན་སུམ་ཚོགས་པར་སྣང་། ཞན་ཆ་དང་ནོར་འཁྲུལ་བྱུང་བར་དཔྱད་འདེམས་དགེ་རྒན་རྣམ་གྱིས་ཡོ་བསྲང་དང་མཛུབ་སྟོན་གནང་སྟེ་བྱ་འགུལ་མགོ་མཇུག་བར་གསུམ་དུ་དོན་དང་ལྡན་པར་མཇུག་བསྒྲིལ་བའོ།།

འདི་འདྲའི་བྱ་འགུལ་ལེགས་པོ་ཞིག་སྤེལ་ཐུབ་པ་ནི་སློབ་བུ་ཡོངས་ཀྱིས་རྣམ་དཔྱོད་ཀྱི་རྩལ་དང་བརྩོན་པ་ཡི་སྟོབས་ལས་འཁྲུངས་པའི་བློ་རྒྱུགས་ཀྱི་ཞིང་ས་སྣུམ་པོ་ཞིག་བསྐྲུན་པ་ཡིན་པ་མ་ཟད་བོད་སྐད་ཡིག་དགེ་རྒན་ཚོའི་ལྷག་བསམ་དང་སྐུ་ངལ་ལ་མ་འཛེམ་པའི་འབྲས་བུ་ཡང་ཡིན་ངེས་སོ།།