དབྱངས་གསལ་སོ་བཞིའི་གླུ་ཆུང་སྙན་པའི།།

ཤེས་རིག་སློབ་གྲྭའི་སྒོ་ཐེམ་རེ་རེར།།

ཐོས་བརྩོན་རིག་པའི་སྐོར་བྲོ་འཁྲབ་བཞིན།།

མི་ཚེའི་འདུན་མ་འོད་ཀྱིས་ཕྱེས་ཤོག།

ཨ་རིག་སྤྲུལ་མིང་བས།

དབྱངས་གསལ་སོ་བཞིའི་གླུ་ཆུང་སྙན་པའི།།

ཤེས་རིག་སློབ་གྲྭའི་སྒོ་ཐེམ་རེ་རེར།།

ཐོས་བརྩོན་རིག་པའི་སྐོར་བྲོ་འཁྲབ་བཞིན།།

མི་ཚེའི་འདུན་མ་འོད་ཀྱིས་ཕྱེས་ཤོག།

ཨ་རིག་སྤྲུལ་མིང་བས།

སྔོན་བྱོན་ལོ་པཎ་དག་གི་རྔུལ་ཆུའི་རིན།།

ཕ་དང་མེས་པོའི་སྲོག་གི་དྭངས་མ་སྟེ།།

ཀ་ཁའི་དབྱངས་རྟ་སྙན་མོ་མཛེས་རྒྱན་དུ།།

འཛིན་པའི་བུ་མོ་ཁྱོད་རང་ཚེ་ཐག་རིང་།།

ཙང་བ་སྤྲུལ་མིང་བས།

བོད་ཡིག་བོད་སྐད་སྨྲ་བའི་སློབ་གྲྭ་རུ།།

བོད་ཀྱི་དབྱངས་གསལ་ཉི་མ་ཟླ་བ་ཟུང་།།

བོད་པའི་གཙུག་རྒྱུན་མ་ཟད་འཛམ་གླིང་གི།།

བོད་འདི་འདེགས་ན་བོད་ཀྱི་གཅེས་ཕྲུག་རྣམས།།

གྲོགས་གསེར་ལག་པས།

ཀ་ཁའི་དབུ་ཁྱུད་ཐོག་མ་འབྲི་བའི།།

ཁ་བའི་དུང་དཀར་ཕ་ལོས་བུ་མོ།།

ག་ཐག་ཤེས་བྱ་བློ་ངོར་ཟུངས་དང་།།

ང་རང་དགའ་བའི་ཤིས་ཚིག་སྤྲིངས་ཡོད།།

རྩོམ་གྲོགས་དཀོན་བཟང་ལྡན་ནས།

གཅེས་ཕྲུག་མ།

དེ་རིང་གི་ཉི་མ་འདི་ཁྱོད་ཀྱི་མི་ཚེ་ལ་བྲིས་པའི་གསེར་གྱི་

དབུ་ཁྱུད་ཡིན་པས།འགོ་བཀྲ་ཤིས་ཤིང་མཇུག་དོན་འགྲུབ་

པའི་ཁ་གཡང་འབོད།

དེ་རིང་ཨ་ཕའི་རེ་བ་ཡོད་ཚད་ཁྱོད་ལ་བཅོལ་ཏེ་ཤེས་རིག་གི་

ཞིང་ཁམས་ལ་ཕྱོགས་པའི་གོམ་སྟབས་རེ་རེ་ནི།

ཁྱོད་ཀྱི་མ་འོངས་འབྱུང་འགྱུར་ཀྱི་འདུན་མའི་ཡར་ཐོན་རེ་རེ་

ཡིན་པར་སྨོན། དེ་རིང་ཨ་མའི་དུང་བ་ཡོད་ཚད་ཁྱོད་ལ་ཕྱོགས་པའི་བྱམས་བརྩེའི་མིག་མདངས་རེ་རེ་ནི།ཁྱེད་ཀྱི་མི་ཚེའི་རེ་བསྙེག་ཁྲོད་ཀྱི་རླབས་ཆེའི་བྱ་བཞག་རེ་རེ་ཡིན་པར་སྨོན།

ཚེ་བསོད་རྒྱས། དབང་ཐང་དར།

ཞེས་རྒན་དུང་འཇམ་ལགས་ཀྱི་གཅེས་ཕྲུག་མས་སློབ་འགོ་གསར་བ་བརྩམས་པར་ཁ་གཡང་ཞིག་གི་ཚབ་ཏུ་་་གངས་ཁ་བས།

རིག་པའི་གཤོག་རྩལ་རྒྱས་ཤོག་གཅེས་ཕྲུག་མ།།

བརྩོན་པའི་ཆུ་བོ་འཕྱུར་ཤོག་རིག་བཟང་མ།།

མ་འོངས་མདུན་ལྗོངས་ཡངས་པའི་ས་ཆེན་ལ།།

ཤེས་རིག་སྒྲོན་མའི་འོད་ཀྱིས་ཁྱབ་གྱུར་ཅིག།

ཅེས་ཚ་མོ་གངས་དཀར་སྒྲོལ་མ་ཐོག་མའི་སློབ་གྲྭའི་སྒོ་ཐེམ་

བསྙེགས་པ་ཐོས་རྗེས་དགའ་ཚོར་འགོག་མེད་ངང་དཀར་མོ་

འཇང་གཞུང་ནས་མཚོ་ལྷོ་བསིར་ཆར་དུ་འབོད་པས་ཤར་མར་བྲིས་སོ།།

བོད་པའི་བུ་མོ་ཆུང་ཆུང་ཉིན་དེ་རིང་ནས་བཟུང་དབྱངས་གསལ་

སོ་བཞིའི་བདག་པོ་དེ་ཁྱེད་ཡིན་པས། ཉིན་མཚན་དབྱེར་མེད་དུ་བརྩོན་པར་རེ་སྐུལ་དང་བཅས། ས་ཐག་ཧ་ཅང་རིང་བོ།

ཉིན་མཚན་མི་གཅིག་པའི་ས་ཆ(New York)ནས།

ཁྱེད་ཀྱི་ཨ་ཕའི་དགེ་གྲོགས་རྨོག་བཤད་སྒྲུབ་ནས་ཕུལ།

གངས་རི་རྩེ་དགུའི་ཡུལ་ནས་འཁྲུངས་པའི་རིགས་ཀྱི་སྲས་མོ་རིག་ཡག་མ།། དཀར་གསུམ་མངར་གསུམ་བཅུད་ཀྱིས་གསོས་པ་བློ་གྲོས་བདུད་རྩི་འཇོ་བའི་བརྡ།། ལྷ་མཆོག་འཇམ་དབྱངས་ཕྱག་གི་རལ་གྲིས་རྨོངས་པའི་རྩ་བ་ཀུན་བཅོམས་ནས།། མོ་བཙུན་ཁྱེད་ཀྱི་ཐབས་ཤེས་ཉི་ཟླ་གོ་ལའི་མགོན་དུ་འཁོར་བར་ཤོག།

འཇང་འབྲུག་གིས་རྟེན་འབྲེལ་དུ་ཕུལ་བ།

འཇམ་དབྱངས་ཕྱག་གི་རལ་གྲི་སྟེ།།

རྒྱ་མཚོའི་སྟེང་གི་ནོར་བུ་ཡིན།།

བསོད་ནམས་ཅན་གྱི་བུ་མོ་ལ།།

སྒྲོལ་མ་དཀར་མོའི་མགོན་སྐྱོབས་མཛོད།།

ཨ་ཞང་འབའ་རླུང་རྟས།

ཁྱེད་ཀྱི་བློ་གྲོས་སྣང་བའི་ལང་ཚོ་ཡིས།།

ཤེས་བྱའི་གནས་ལུགས་རི་མོའི་རྒྱན་ཁུར་ཚེ།།

སྲིད་པའི་བ་དན་གཡོ་བའི་འཇིག་རྟེན་ནས།།

ཁྱེད་ཀྱི་སྙན་པ་ཕྱོགས་བཅུར་རྒྱས་བར་ཤོག།

རྒན་ལགས་ཀྱི་བུ་མོའི་ཆེས་ཐོག་མའི་སློབ་གླིང་ལ་

དབུ་ཁྱུད་བྲིས་བར་སློབ་བུའི་མིང་ཙམ་འཛིན་པ་

འཇང་སྲས་ཧ་ལོ་ནས་གུས་ཕུལ།

བློ་རིག་དྭངས་གཙང་ཆུ་བོའི་འགྲམ་ངོགས་ལ།།

ཤེས་རིག་མེ་ཏོག་མཐའ་དག་བཞད་གྱུར་ཅིག།

སློབ་རའི་ཀ་ཁའི་དབྱངས་དང་དགེ་རྒན་གསུང་།།

མི་ཚེའི་དགེ་བའི་གྲོགས་སུ་འགྱུར་བར་ཤོག།

ཨ་ཞང་འབའ་འབྲོག་ཕྲུག་གིས།

ལྷ་དར་དཀར་པོ།

མིག

རྐང་ཆུང་གོམ་པ་རེ་རེས།།

རྩྭ་ལྗང་སིལ་བ་གཏོར་བ།།

འོད་ཀྱི་ཟེགས་མར་གྱུར་ནས།།

འདུན་ལམ་ཉི་མས་ཚེས་ཤོག།

སློབ་གྲྭའི་སྒོ་ཐེམ་འགྲིམ་ནས།།

ཀ་ཁའི་གླུ་ངག་སྐྱོར་བ།།

གངས་ཀྱི་འདབ་མར་གྱུར་ནས།།

གཤིས་རྒྱུད་དུང་གིས་འབྲི་རོགས།།

དྲིན་ཆེན་ཕ་མ་བསྐྱུར་ནས།།

ཤེས་བྱའི་ཐང་ལ་རྒྱུ་བ།།

མི་ཚེའི་འདུན་པའི་ལ་རྩེར།།

ཉི་གཞོན་བསུ་བའི་དབུ་ཁྱུད།།

ལམ་འདི་ཕ་གིའི་རི་རྒྱབ།།

གངས་ཀྱི་དབུ་རྩེར་འཐེན་ཡོད།།

ཤེས་རིག་དར་ཆ་བཟུང་ནས།།

གངས་ལ་གཟི་འོད་སྣོན་རོགས།།

གཉེན་གྱི་རྨི་ལམ་ནང་དུ།།

ཁྱེད་ཀྱི་འཛུམ་ཆུང་བྲིས་ཡོད།།

སྐྱིད་སྡུག་གང་ལ་འཕྲད་ཀྱང་།།

འཛུམ་གྱིས་མི་ཚེ་བསུ་དགོས།།

ཕ་མའི་བརྩེ་འཇམ་དྲོད་ཀྱིས།།

ལང་ཚོའི་མེ་ཏོག་བཞད་ཡོད།།

ཟེའུ་འབྲི་སྨིན་དང་མ་སྨིན།།

རང་གི་སྩོལ་བའི་བྱེད་ནུས།།

ཨ་ཁུའི་སྨོན་འདུན་རླུང་རྟ།།

སྐྱི་བསེར་རླུང་ལ་བསྐུར་ཡོད།།

ཚ་མོའི་དགའ་རོགས་སྐྱོ་རོགས།།

སྨོན་འདུན་གཙང་མས་ཞུས་ཆོག།

རྒྱང་ནས་བསྐུར་བའི་འཕྲིན་འདི།།

དྲི་མེད་ལྷ་དར་དཀར་པོ།།

ཁྱེད་ཀྱི་འགྲོ་ལམ་ཡངས་པོ།།

ལྷ་དར་དཀར་པོས་བསུས་ཡོད།།

བདག་གི་གཅེས་པའི་སྲིང་ཆུང་མ་གངས་སྐྱེས་ལྷ་མོ་དང་། གྲོགས་པོ་འབའ་དུང་ཟླ་གཉིས་ཀྱི་བུ་མོ་གངས་དཀར་ལྷ་མོའི་མི་ཚེའི་འདུན་པ་ལ་འོད་རིས་འབྲི་བའི་ཉི་མ་དང་པོ་སྟེ། སློབ་གྲྭའི་སྒོ་ཐེམ་འགྲིམ་པའི་ཉིན་མོར་ཤེས་སྨོན་ཞིག་འབྲི་རོགས་ཞེས་གྲོགས་འབའ་དུང་ཟླས་བསྐུལ་བར་བྱ་བ་དང་སྒྱིད་ལུག་གི་དབང་གིས་དེ་རིང་བར་དུ་འབྲི་མ་ཐུབ་པར་དགོངས་དག་དང་བཅས་རྒྱ་གར་འཕགས་ཡུལ་གནས་མཆོག་རྡ་རམ་ཤཱ་ལ་ནས་མིག་ཏུ་འབོད་པས་གུས་པས་ཕུལ།