སློབ་གླིང་གསར་འགྱུར། བོད་ཡིག་སྡེ་ཁག

༢༠༢༡ལོའི་སྤྱི་ཟླ་༤ཚེས་༣༠ཉིན་གྱི་སྔ་དྲོར་ཡུས་ཧྲུའུ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་བོད་ཡིག་སྡེ་ཁག་གིས་གཙོ་སྒྲུབ་མཛད་ནས་རྒྱལ་ཡོངས་སྐབས་ལྔ་བའི་ཡིག་གཟུགས་དུས་ཆེན་བསུ་བའི་རྟེན་འབྲེལ་གྱི་མཛད་སྒོ་དེ་གོང་རིམ་གྱི་དབུ་ཁྲིད་རྣམ་པའི་རྒྱབ་སྐྱོར་དང་ཐུགས་ཁུར་འོག་རང་སློབ་གྲྭའི་ཤེས་རིག་ཐང་ཆེན་དུ་སྤེལ་བ་ཡིན། ད་ཐེངས་ཀྱི་བྱེད་སྒོའི་ནང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་དམིགས་ཡུལ་སོགས་བརྗོད་བྱ་གཙོ་བོར་དམིགས་ནས། སྤྲོ་སེམས་འཁོལ་བའི་ངང་ནས་ཀྲུང་གོར་བསྟོད་གླུ་འབུལ་བ་དང་། ཏང་དབུ་བརྙེས་ནས་ལོ་ངོ་༡༠༠་འཁོར་བའི་འོད་སྟོང་འབར་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་བཟང་བོ། ལྷིང་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་བཅས་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཏུ་བོད་ཀྱི་ཡིག་གཟུགས་ནི་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་བོད་ཀྱི་ཡིག་གཟུགས་མུ་མཐུད་དུ་སྦྱོང་སྤྱོད་སྤེལ་གསུམ་དང་མ་ཉམས་གོང་འཕེལ་ཉམས་པ་སོར་ཆུད་བྱ་སྟེ།སློབ་གྲྭ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་བོད་ཀྱི་ཡིག་གཟུགས་ལ་གཙིགས་ཆེན་གྱི་ཁོར་ཡུག་ཅིག་ཆགས་རྒྱུ་དང་།གཞོན་རབས་རྣམས་ཀྱི་བསམ་པའི་འཁྱེར་སོར་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དུང་ཞིང་དགའ་བའི་བག་ཆགས་བརྟན་པོ་ཞིག་འཇོག་པའི་ཆེད་དུ་ཐེངས་འདིའི་བྱ་འགུལ་འདི་སྤེལ་བ་་ཡིན།

藏文书法作为藏族文化的重要组成部分,它蕴含着藏民族传统文化的精髓,承载着民族文化的审美意趣,是祖国艺术宝库中的瑰丽珍品。为进一步丰富我校师生的文化生活,进一步挖掘藏文书法的文化内涵,更好的弘扬民族传统文化,增进民族团结,增强文化自信。玉树州职业技术学校藏文秘系在我校启慧广场举行了全国第五届藏文书法日活动。

ལོ་རེའི་སྤྱི་ཟླ་༤པའི་ཚེས་༣༠ཉིན་ཡིག་གཟུགས་དུས་ཆེན་དུ་གཏན་ཁེལ་བྱེད་དགོས་པའི་རྒྱུ་མཚན་ནི།

བོད་ཀྱི་ཡི་གེར་དབྱངས་༤དང་གསལ་བྱེད་༣༠ཡོད་པས་སོ། །

༄༅། །བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཚོགས་རྟགས་འགྲེལ་བཤད་རྟགས་བརྒྱད་རིས་ཀྱི་བརྡ་དོན།

ཚོགས་རྟགས་འདི་༢༠༡༧ལོའི་ཟླ་༤པའི་ཚེས་༡༦ཉིན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་ཐོག་མདོ་དབུས་ཁམས་གསུམ་གྱི་ཆོས་ལུགས་རིས་མེད།སྐྱ་སེར་གཉིས་མེད་ཀྱི་ཡིག་མཁན་དང་དགེ་སློབ་བརྒྱ་དང་སུམ་ཅུ་ལྷག་གིས་དམངས་གཙོའི་ལམ་ནས་དུས་ཆེན་གྱི་མིང་དང་ཟླ་ཚེས་ལ་འོས་ཤོག་འཕངས་པ་ལས༼བོད་ཀྱི་ཡིག་གཟུགས་དུས་ཆེན་༽ཞེས་པའི་མིང་འདོགས་དང་།སྤྱི་ཟླ་༤པའི་ཚེས་༣༠ཉིན་དུས་ཆེན་གྱི་ཉིན་མོར་གཏན་འཁེལ་བྱུང་རྗེས།ངེད་བོད་ཀྱི་ཡིག་གཟུགས་དུས་ཆེན་རྩོམ་སྒྲིག་ཚན་ཆུང་གིས་ཕུལ་དུ་བྱུང་བའི་ཡིག་རིས་འཆར་བཀོད་པ་ཀླུ་རྒྱལ་དོན་གྲུབ་ལགས་ལ་མངགས་བཅོལ་བྱས་པ་བཞིན།ཁོང་གིས་ཚོགས་རྟགས་འདི་ཆེད་དུ་བཟོས་པ་ཡིན་ལ། བོད་ཀྱི་ཡིག་གཟུགས་དུས་ཆེན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟེ་མཁས་དབང་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཀྱིས་༼བོད་ཀྱི་ཡིག་གཟུགས་དུས་ཆེན་༽ཞེས་པའི་དཔེ་ཚུགས་ཡི་གེ་ཕྱག་བསྟར་མའི་བཀའ་དྲིན་བསྐྱངས་པ་ཡིན། ཚོགས་རྟགས་ནི་མཚོན་དོན་བཀྲ་ཤིས་གྲངས་ལྡན་གྱིས་མཚོན་པ་ཡིན་པས་དེ་དག་རེ་རེ་ནི།

1.ཕྱིའི་མུ་ཁྱུད་དཀར་པོས་བོད་ཀྱི་སྣོད་ཀྱི་འཇིག་རྟེན་གངས་རི་ར་བས་བསྐོར་བ་མཚོན།

2.ནང་གི་རྒྱབ་ལྗོངས་མཐིང་སྔོན་གྱིས་བོད་ཀྱི་བཅུད་ཀྱི་སེམས་ཅན་རྣམས་འཚེ་མེད་ཞི་བདེ་ལ་དགའ་བ་མཚོན།

3.སྨྱུག་བུམ་ཤོག་གསུམ་གྱིས་བོད་ཀྱི་ཡིག་མཁན་རྣམས་ཀྱི་གཅེས་ནོར་ཆེན་པོ་གསུམ་མཚོན།

4.བུམ་གཟུགས་སེར་པོས་བོད་ཀྱི་འོད་སྟོང་འབར་བའི་སྲོལ་རྒྱུན་ལྷ་ཆོས་རིག་གནས་དང་དབུས་གཙང་ཆོས་ཀྱི་ཆོལ་ཁ་མཚོན།

5.ཤོག་བུ་དཀར་པོས་བོད་ཀྱི་མི་ཆོས་རིག་གནས་དང་མདོ་སྟོད་མིའི་ཆོལ་ཁ་མཚོན།

6.སྨྱུ་གུ་ལི་ཁྲིས་བོད་ཀྱི་དེང་རབས་རིག་གཞུང་དང་མདོ་སྨད་རྟ་ཡི་ཆོ་ཁ་མཚོན།

7.དེ་གསུམ་རྟེན་འབྱུང་ལྷན་དུ་འདུས་པའི་ཡི་གེ་༼བོད་༽ཅེས་པས་བོད་ཀྱི་མི་རིགས་ཀྱི་ངོ་བོ་དང་མཐུན་ལམ། སྙིང་སྟོབས་བཅས་མཚོན།

8.ཟླུམ་རིས་རིམ་པ་གཉིས་ལྷན་དུ་སྦྱར་བས་ནི་གནས་དེང་ཟུང་དུ་འབྲེལ་བའི་བོད་མིའི་རིག་གཞུང་གི་མ་འོངས་མདུན་ལམ་བཅས་མཚོན་ཡོད་པ་ཡིན་ནོ།

༼སློབ་ཕྲུག་རྣམ་པས་སྤྲོ་སེམས་འཁོལ་བའི་ངང་ནས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བཞིན་པ།༽

ཁམས་ཀྱི་བྲིས་པ་གྲགས་ཅན་རྒན་བཞད་པ་བསྟན་པ་རྒྱ་མཚོ་མཆོག་དང་རྒན་བསོད་ནམས་དབང་རྒྱལ་རྣམ་གཉིས་ཀྱིས་ཡུལ་དངོས་ནས་གཟིགས་ཞིབ་དང་མཛུབ་སྟོན་མཛད་བཞིན་པ།

བྲིས་གཟུགས་འཛིན་གྲྭའི་སློབ་བུ་དག་གིས་ཡུལ་དངོས་ནས་བོད་ཀྱི་བྲིས་གཟུགས་སྣ་ཚོགས་འབྲི་བཞིན་པ།

ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད་ཡིག་གཟུགས་འབྲི་སྦྱོང་གི་སྤུས་ཚད་དང་གཏིང་ཚད་མཐོར་འདེགས་སུ་བཏང་ཡོད་པ་མ་ཟད་བོད་ཡིག་སྡེ་ཁག་གི་དགེ་སློབ་ཡོངས་ཀྱིས་དམ་བཅའ་བརྟན་པོའི་ལམ་ནས་ཕ་མེས་ཀྱིས་ང་ཚོ་ལ་གནང་བའི་རིན་བྲལ་གྱི་རིག་གཞུང་འདི་དག་རང་ནུས་ཅི་ཡོད་དང་རང་ཚུགས་བརྟན་པོའི་ལམ་ནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་སེམས་ཤུགས་བརྟན་པོའི་ངང་ནས་ཐེངས་འདིའི་བྱ་འགུལ་མཇུག་བསྒྲིལ་བའོ།

༼༼གལ་ཏེ་བསམ་པའི་སློབ་གསོ་དང་བྱམས་བརྩེ་སློབ་གསོ་མེད་ཚེ་སློབ་གསོ་ཞེས་པའི་རྣམ་ཤེས་དེ་མེད་པར་གྱུར་ཟིན།༽༽

མཁན་བསོད་དར་རྒྱས་མཆོག་གི་གསུང་ལས་དྲངས།

ཞེས་བོད་ཡིག་ཁྲིད་དཔྱོད་སྡེ་ཁག་གི་གསར་འགོད་ཚན་ཆུང་ནས།

༢༠༢༡ལོའི་ཟླ༤ཚེས༣༠ཉིན་གྱི་སྔ་དྲོར་སྤེལ།