ཡ་རབས་ཀྱི་སྤྱོད་བཟང་སྤེལ།། གཏམ་བཤད་ཀྱི་སྒེག་ཉམས་ངོམ།།

དེ་ཡང་སློབ་མའི་གཏམ་བཤད་ཀྱི་ནུས་རྩལ་མཐོར་འདེགས་གཏོང་ཞིང་།སློབ་མ་སྒེར་ངོས་སུ་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཡོང་བ་དང་།བཤད་ཤེས་ཤིང་བཤད་ཕོད་པའི་སྤོབས་པ་དྲག་པོ་སྐྱེད་དེ།སློབ་མའི་དྲིན་ཤེས་དྲིན་ཚོར་དྲིན་གཟོའི་འདུ་ཤེས་འཛིན་སྟངས་སྐྱེད་སྲིང་བགྱི་ཆེད།ཟླ་བཞི་པའི་ཚེས་བཅུ་དྲུག་གཟའ་པ་སངས་ཉིན་གྱི་ཕྱི་དྲོར།ངེད་སློབ་གྲྭའི་བོད་ཡིག་སྡེ་ཁག་གིས་སློབ་གྲྭའི་དབུ་ཁྲིད་དག་གི་རྒྱབ་སྐྱོར་འོག་ཏུ་ལོ་རིམ་དང་པོ་དང་དྲུག་པ་ཕུད་པའི་འཛིན་གྲྭ་ཡོད་དོ་ཅོག་ལ་དམིགས་ཏེ་སྐས་རིམ་སློབ་ཁང་གཉིས་པར་ང་ཡང་ཡ་རབས་སྤྱོད་བཟང་དང་མཉམ་དུ་འཚར་ལོངས་བྱུང་ཞེས་པའི་བོད་ཡིག་གཏམ་བཤད་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ་ཡིན།

དཔྱད་འདེམས་པ་རྣམས་ཀྱིས་དྲང་བདེན་འདྲ་མཉམ་གྱི་བསམ་པའི་འདུ་ཤེས་སེམས་ཀྱི་གཏིང་རུམ་དུ་ཉར་ཏེ་སློབ་མའི་གཏམ་བཤད་ཀྱི་སྒེག་ཉམས་དང་ནང་དོན།དུས་ཚོད་བཀོད་སྒྲིག གྱོན་ལྭའི་འོས་འཚམས་རང་བཞིན།གཏམ་བཤད་ཀྱི་སྐད་གདངས་མཐོ་དམའ་བཅས་ཕྱོགས་ཡོངས་ལ་དམིགས་ཏེ་གཟབ་ནན་གྱིས་སྐར་གྲངས་སྟེར་བ་དང་།འགྲན་ཞུགས་པས་ནུས་པ་ཡོད་རྒུ་རྩལ་དུ་སྤྲུགས་ནས་ཡུན་རིང་སྦྱོང་བརྩོན་གྱི་འབྲས་བུ་གར་སྟེགས་ཀྱི་བརྗིད་ཉམས་དང་བསྟུན་ནས་ལྡེམ་ལྡེམ་ངོམ་གྱིན་འདུག

འགྲན་ཞུགས་པའི་སྒེག་ཉམས།

ལྷག་ཏུ་བྱ་འགུལ་གྱི་མཇུག་ཏུ།རྒན་རྡོ་རྗེ་ཚེ་རྒྱལ་གྱིས་ཡུན་རིང་དུ་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ཏེ་རང་ནུས་གང་ལྕོགས་ཀྱིས་དགའ་ཕྱོགས་འཛིན་གྲྭ་གསོ་སྐྱོང་བྱས་པའི་རྡུང་ལེན་འཛིན་གྲྭས་དགེ་སློབ་ཡོངས་ལ་མིག་གི་ལོངས་སྤྱོད་ཅིག་ཕུལ་པས་དགའ་བདེ་དཔལ་ལ་རོལ་བའི་མཁའ་དབུགས་ཁྲོད་ནས་ཐེངས་འདིའི་བྱ་འགུལ་བདེ་བླགས་ངང་རྫོགས་ཚིག་རྗེས་སུ་ཉིས་ཤད་བྲིས་སོ།།

ཐེངས་འདིའི་གཏམ་བཤད་བྱ་འགུལ་བརྒྱུད།སློབ་མའི་འགྲན་རྩོད་ཀྱི་འདུན་པ་དྲག་ཏུ་སློང་ཡོད་པ་མ་ཟད།སློབ་མའི་གཏམ་བཤད་ཀྱི་ནུས་པ་གོང་དུ་སྤེལ་བར་ཆེད་གཏད་ཀྱི་ནུས་པ་ཐོན་པ་དང་།སློབ་མའི་བློའི་ངོགས་སུ་དྲིན་ཚོར་དང་དྲིན་འཇལ་འདུ་ཤེས་བཅས་ཀྱི་ས་བོན་བཏབ་པར་ཡང་བསྟོད་པའི་མཐེ་བོང་བསྒྲེང་ཞིང་བསྔགས་པའི་མེ་ཏོག་མཆོད་འོས་པའི་གྲུབ་འབྲས་བླ་ལྷག་ཏུ་ཐོབ་པའོ།།